འདི་ག་ཚགས་པར་གྱི་གསར་འགོད་པ། སུང་ཧའོ་ཤིན། མི་དམངས་དྲ་བའི་གསར་འགོད་པ། ཀྲུའུ་ཧུང་།
ཟླ་2ཚེས་9ཉིན། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཅུན་ལེན་རྫོང་མུའུ་ཨའེ་གྲོང་རྡལ་ཅིན་ཕིང་གྲོང་ཚོར་རི་ཉིལ་བའི་རོགས་སྐྱོབ་ཐག་གཅོད་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། གསར་འགོད་པས་ས་གནས་ས་ཐོག་ནས་འཚོལ་སྐྱོབ་མི་སྣས་ནུས་ཤུགས་ཡོད་རྒུ་འདོན་པ་དང་བཀོད་སྒྲིག་བྱ་ཡུལ་དུ་འགན་སྲུང་ཞིབ་ཕྲ་བྱས་ནས་དུས་ཚོད་སྐར་ཆ་ཙམ་ཡང་སྡོད་ཁོམ་མེད་པར་ཉེན་སེལ་ལས་སྒྲུབ་བྱེད་བཞིན་པ་མཐོང་བྱུང་།
དབྱི་པིན་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་འཇིག་རྟེན་འཕུར་སྐྱོད་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་ཉེ་ཅི་ལའེ་དང་དམག་གྲོགས་ཚོས་ལེ་ཏ་སྲོག་རྒྱུན་འཚོལ་ཆས་དང་། སྒྲ་བརྙན་བསྡུ་ལེན་གྱི་སྲོག་རྒྱུན་འཚོལ་ཆས། གནས་སྤོའི་ཞིབ་དཔྱད་ཚད་ལེན་ཡོ་བྱད་བཅས་སྤྱད་དེ་རོགས་སྐྱོབ་བཀོད་འདོམས་པུའི་ལས་བགོས་ལྟར་འཚོལ་ཞིབ་བྱེད་བཞིན་ཡོད། “འཚོལ་སྐྱོབ་ཚོགས་ཆུང་དང་པོ་ཡིན་པའི་ངོས་ནས་ང་ཚོས་ཚེས་9ཉིན་གྱི་ཆུ་ཚོད་13པའི་བར་ལས་ཀ་རྒྱུན་མཐུད་བྱས་རྗེས། གོང་རིམ་གྱི་བཀའ་ལྟར་གཞི་ནས་རེས་མོས་བྱས་ཏེ་ངལ་གསོ་བརྒྱབ་པ་ཡིན”ཞེས་ཉེ་ཅི་ལའེ་ཡིས་བཤད།
ཚེས་8ཉིན། དབྱི་པིན་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་བཀོད་འདོམས་ལྟེ་གནས་ལ་རི་ཉིལ་བའི་ཉེན་བརྡ་འབྱོར་སྐབས། ཉེ་ཅི་ལའེ་ཕ་ཡུལ་དུ་ལོག་ཏེ་ནང་མི་དང་མཉམ་འཛོམས་ཉིན་གསུམ་ལས་བྱེད་ཐུབ་མེད། ལག་ཐོགས་ཁ་པར་ནས་གནས་ཚུལ་དེ་མཐོང་སྐབས་ཁོང་སྡོད་མི་ཟོད་པར་འཕྲལ་མར་ལས་གནས་སུ་ལོག ཉིན་དེའི་ཆུ་ཚོད་16པར། ཉེ་ཅི་ལའེ་ཡིས་རོགས་སྐྱོབ་ཚོགས་ཆུང་ཞིག་གི་རུ་སྣེ་ཁྲིད་ནས་གནོད་འཚེ་ཕོག་ཡུལ་དུ་འབྱོར། “རུ་ཁག་ནང་ལོག་ནས་དམག་ཆས་ཀྱང་ལེན་ཁོམ་མ་བྱུང་། རང་ཉིད་གནོད་འཚེ་ཕོག་ཡུལ་དུ་འབྱོར་རྗེས་གཞི་ནས་ལས་རོགས་ཚོས་རླངས་འཁོར་ནང་བཞག་པའི་གྱོན་ཆས་བརྗེས་པ་ཡིན”ཞེས་ཉེ་ཅི་ལའེ་ཡིས་བཤད།
ས་གནས་ས་ཐོག་གི་རང་བྱུང་ཁོར་ཡུག་དང་འགྲིམ་འགྲུལ་ཆ་རྐྱེན་གྱི་ཚོད་འཛིན་ཕོག་སྟབས། རོགས་སྐྱོབ་ཡོ་བྱད་མང་པོ་ཞིག་ཚང་མས་ཕྲག་ཐོག་ཏུ་ཁུར་ནས་གནོད་འཚེ་ཕོག་ཡུལ་དུ་དབོར་དགོས་ཀྱི་ཡོད། “མཚན་མོའི་འཚོལ་སྐྱོབ་ལས་འགན་མཇུག་སྒྲིལ་རྗེས། ང་ཚོས་ཐོ་རེངས་བར་ཡོ་བྱད་དང་དངོས་ཟོག་དབོར་འདྲེན་བྱས་ནས་བསྡད་པ་ཡིན”ཞེས་ཉེ་ཅི་ལའེ་ཡིས་བཤད།
མིག་སྔའི་བར། སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཁྱོན་ཉིང་ལག་རུ་ཁག་9ཡི་མི་464རོགས་སྐྱོབ་ལས་དོན་ནང་བཏང་ཞིང་། མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་མི་ཐབས་ལ་བརྟེན་ནས་འཚོལ་བཤེར་དང་། དཔྱད་ཆས་ཀྱི་འཚོལ་བཤེར། རྫི་ཁྱིའི་འཚོལ་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྱོན་སྨི་ངོས་གྲུ་ཁྲི་2ལྷག་ཙམ་ལ་འཚོལ་བཤེར་བྱས་པ་རེད།
ཚེས་8ཉིན། རི་ཉིལ་བའི་གནས་ཚུལ་ཐོན་རྗེས་མུའུ་ཨའེ་གྲོང་རྡལ་ཧོ་ཧྭ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཅ་ཆིན་གྱིས་འཕྲལ་མར་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་ཏང་ཡོན་གདོང་ལེན་རུ་ཁག་བཙུགས་ནས། སྡེ་ཁུལ་གྱི་མང་ཚོགས་དང་དང་བླངས་པའི་སྣེ་ཁྲིད་དེ་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་ནས་བཀོད་སྒྲིག་བྱས་པ་རེད།
བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་མང་ཆེ་བའི་གློག་སྒྲོན་བསད་ཀྱང་ཅ་ཆིན་གྱིས་མཚན་མོར་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་བའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་དངོས་ཟོག་ལེན་པ་དང་ཉལ་ས་བཅའ་རོགས་སོགས་བྱས་ཏེ་ཐོ་རེངས་བར་བྲེལ་བཞིན་མཆིས།
གསར་འགོད་པས་མིག་སྔར་བཀོད་སྒྲིག་བྱ་ཡུལ་གྱི་དངོས་ཟོག་འགན་སྲུང་འདང་ངེས་ཡོད་པ་དང་རྒན་རྒོན་ཁག་གཅིག་གི་དགོས་མཁོར་དམིགས་ནས། བཀོད་སྒྲིག་བྱ་ཡུལ་དུ་ད་དུང་སྡོད་གཏོང་ཆབ་གཞོང་དང་སྟེགས་འཁོར་སོགས་བཀོད་སྒྲིག་བྱས་ཡོད་པ་མཐོང་བྱུང་།