འདི་ག་ཚགས་པར་གྱི་གསར་འགོད་པ། སུང་ཁྲའོ་ཅུན།
ཚོན་ལྡན་གྱི་འདྲེད་སྐས་དང་། རིག་གནས་ཁྱམས་རིང་། མི་བཟོས་རི་ལྗོངས་སོགས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཤིས་ཀུའུ་ཆུས་ཤིན་ཨན་ལམ་སྡེ་ཁུལ་དུ་ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཡོད་པའི་རོལ་རྩེད་གླིང་ཆུང་ཆུང་ཞིག་ཡོད་པ་དེར་གྲོང་མི་ཧུའུ་ཞའོ་ཡན་གྱིས་ཕྲུ་གུ་ཁྲིད་ནས་རྩེད་མོ་རྩེ་བཞིན་འདུག
ལོ་ཕྱེད་ཀྱི་སྔོན་དུ་དེ་ནི་ས་རྒོད་ཅིག་ཡིན་པས་རྡོ་ཧྲུག་དང་རྩྭ་ངན་གྱིས་ཁེངས་ཡོད། འདི་གར་སྔར་ཡོད་ཀྱི་ཉེན་ཡོད་ཐོག་ཁང་སྟར་པ་གསུམ་བཤིག་རྗེས། གྲོང་མི་ལ་ལས་རླངས་འཁོར་འཇོག་ས་སྐྲུན་འདོད་ཡོད་པ་དང་ལ་ལས་སྤྱི་གླིང་སྐྲུན་འདོད་ཡོད་པ་སོགས་ཀྱི་རེ་འདུན་མི་འདྲ་བས། ཁྱིམ་མཚེས་དབར་འགལ་ཟླ་བྱུང་ཡོད། “ཀུན་གྱི་འདོད་པ་ཚིམ་པ་དཀའ། སྡེ་ཁུལ་གཅིག་པུས་ཐག་གཅོད་བྱེད་ཐབས་བྲལ”ཞེས་ཤིན་ཨན་ལམ་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་དྲ་མིག་པ་ཤཱ་ལན་ཧྥང་གིས་ཕྱིར་དྲན་བྱེད་བཞིན་བཤད།
མཐུན་སྦྱོར་ཐེངས་མང་བྱས་ཀྱང་ཕན་འབྲས་མ་ཐོན་པར་བརྟེན་ཤཱ་ལན་ཧྥང་གིས་ཤིས་ཀུའུ་ཆུས་ཀྱི་འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་ཐག་གཅོད་ལས་སྟེགས་ལ་སྙན་སེང་ཞུས་པ་རེད། ཤིས་ཀུའུ་ཆུས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ལས་དོན་པར་སྙན་སེང་འབྱོར་རྗེས། འབྲེལ་ཡོད་སྡེ་ཚན་ལ་རྩིས་སྤྲད་པ་མ་ཟད། སྡེ་ཁུལ་དུ་གྲོང་མིའི་བསམ་འཆར་བསྡུ་ལེན་བྱས་ནས་མཐར་རོལ་རྩེད་གླིང་ཆུང་ཆུང་ཞིག་བསྐྲུན་རྒྱུའི་ཇུས་གཞི་གཏན་འཁེལ་བྱས། རོལ་རྩེད་གླིང་ཆུང་ཆུང་དེ་བསྐྲུན་རྗེས། མཐའ་འཁོར་གྱི་གྲོང་མི་དུད་ཚང་1000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
2022ལོའི་ཟླ་7པར། ཤིས་ཀུའུ་ཆུས་ཀྱིས“ཞའོ་ལན་གྱིས་སྒྲུབ་རོགས་བྱེད”ཅེས་པའི་མང་ཚོགས་ཀྱི་ལས་སྒྲུབ་ལས་སྟེགས་དེ་ཕྱོགས་ཡོངས་ནས་བསྡུ་རུབ་དང་། རྩོད་གཞི་དོ་དམ། སྔོན་བརྡ་བཀོད་གཏོང་བཅས་གཞི་གཅིག་ཏུ་འདུས་པའི་འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་ལས་སྟེགས་ལ་རིམ་སྤོར་བྱས་ཏེ། “སྐར་མ་30ཡི་ནང་དང་ལེན་འབྲེལ་གཏུག་བྱེད་པ་དང་། ཆུ་ཚོད་24ཡི་ནང་རིགས་དབྱེ་སྒྲུབ་གཉེར། ལས་ཀའི་དུས་ཚོད་ཉིན་5ཡི་ནང་ཐག་གཅོད་དང་ལན་སློག་པ། ལས་ཀའི་དུས་ཚོད་ཉིན་10ཡི་ནང་རྗེས་སྙེག་དང་ཕན་འབྲས་འདྲི་བ”བཅས་ཀྱི་དུས་བཀག་ཐག་གཅོད་ལམ་སྲོལ་ལག་བསྟར་བྱས་པས། འགལ་ཟླ་དང་རྩོད་གཞི་སྙན་སེང་ཞུ་བའི་ཐབས་ལམ་ཁ་ཐོར་དང་ཐག་གཅོད་ནུས་ལྡན་མེད་པ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱུང་བ་རེད།
དེ་དང་ཆབས་ཅིག ལས་སྟེགས་དེས་ད་དུང་གྲངས་གཞིར་བརྟེན་ནས་མངོན་མེད་ཀྱི་འགལ་ཟླ་དང་མངོན་མེད་ཀྱི་ཉེན་ཁའི་སྔོན་བརྡ་བཏང་ཞིང་། ཏུང་ཁྲོན་གྲོང་རྡལ་གྱི་ཕྱོགས་བསྡུས་ཁྲོམ་རར་ཤིང་ཏོག་འཚོང་མཁན་ཀའོ་པན་ཀྲི་ཡིས་གཞེས་ནིང་ལོའི་དབྱར་ཁ་དང་སྟོན་ཀའི་མཚམས་སུ་དྲག་ཆར་ཐེངས་འགའ་བབས་པའི་སྣང་ཚུལ་ཡིད་ལ་གསལ་པོར་ངེས་བཞིན་དུ“ཁྲོམ་བཀྱག་གི་མདུན་དུ་ཆུ་དོང་གཉིས་ཆགས་འདུག་པས་གལ་ཏེ་འགྲོ་འོང་བྱེད་མཁན་གྱི་སྐུ་མགྲོན་དེའི་ནང་ཁ་རྡབ་ན་རྩོད་གཞི་ཐོན་སླ”ཞེས་བཤད།
དྲ་མིག་པ་ཡུས་མིང་མེན་གྱིས་ཆུ་དོང་ཡོད་པ་མཐོང་རྗེས། གནས་ཚུལ་སྙན་སེང་ཞུས་མ་ཐག་འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་ཐག་གཅོད་ལས་སྟེགས་ཐོག་ཉེན་བརྡ་འབྱོར་ཡོད། ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཏུང་ཁྲོན་གྲོང་རྡལ་དང་ཆུས་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་སོགས་སྡེ་ཚན་ཁག་སོ་སོར་ཉེན་ཁའི་དྲན་སྐུལ་ཡི་གེ་བསྐུར་ནས་ཉིན་དེར་ཆུ་དོང་དེ་བརྒྱངས་པ་རེད།
མིག་སྔའི་བར། འགལ་ཟླ་དང་རྩོད་གཞི་ཕྱོགས་ཡོངས་ནས་ཐག་གཅོད་ལས་སྟེགས་བརྒྱུད་ཤིས་ཀུའུ་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་འགལ་ཟླ་དང་རྩོད་གཞི་ཁག་ཁྲི་3.1ལྷག་ཙམ་འདུམ་འགྲིག་ཐག་གཅོད་བྱས་པ་རེད།