ཉེ་ཆར། པུ་རུ་སེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཁྲུག་ཆ་ཧ་ཅང་དོད་ཅིང་། གང་སར་དཔྱིད་གསར་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས། དེ་གར་གཉེར་བའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན། ཉམས་ཀྱིས་ཕྱུག་པའི་ཅང་སུའུ་གྲོང་ཁྱེར”གྱི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཐོག གསོན་ཉམས་དོད་པའི་ཡིག་རིས་དང་དངོས་པོ་བརྒྱུད་ཅང་སུའུ་ཁུལ་གྱི་དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་དང་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་ངོ་སྤྲོད་བྱས་པ་རེད། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ནས་ཡོང་བའི་དམངས་ཚོགས་བརྒྱ་གྲངས་ཀྱིས་བྱེད་སྒོ་དེར་ཧུར་ཐག་ཞུགས་པ་དང་ཅིན་ལིན་གྱི་ཤོག་དྲས་འདྲ་གཟུགས་དང་ཐའོ་ཧྭ་ཝུའུ་ཡི་ཤིང་དཔར་གྱི་ལོ་གསར་རི་མོ་དང་ཡིག་གཟུཌ་སྨོན་ཚིག ཅང་སུའུ་ཡི་ཞིམ་ཟས་སོགས་ཀྱི་འགྲེམས་སྟེགས་མདུན་དུ་ལྟད་མོ་བས་ཁེངས་ཡོད།
པུ་རུ་སེར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀུང་དབྱི་ཡིས་གསར་འགོད་པར། དཔྱིད་གསར་དུས་ཆེན་དེ་མངོན་མིན་རིག་གནས་ཤུལ་བཞག་ཏུ་འདུན་ཞུ་ལེགས་གྲུབ་བྱུང་རྗེས་ཀྱི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་དང་པོ་ཡིན་པའི་ངོས་ནས་ཅང་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ད་རེས་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མི་ཉུང་བ་ཞིག་འགྲེམས་སྟོན་བྱས་ཡོད། དེའི་ནང་ཐའོ་ཧྭ་ཝུའུ་ཡི་ཤིང་དཔར་གྱི་ལོ་གསར་རི་མོ་དང་མའོ་ཧྲན་གྱི་ལས་གཞས་གཉིས་ཀ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་རེད། ཁུན་ཧྲན་གྱི་ཁྲང་ཞི་ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་ངག་རྒྱུན་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས”ནང་ཁག་དང་པོར་བཅུག་ཡོད་པས། ད་ཐེངས་ཀྱི་བྱེད་སྒོས་ས་གནས་དེ་གའི་དམངས་ཚོགས་ལ་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཤེས་རྟོགས་དང་ཉམས་ལེན་བྱེད་པར་ལས་སྟེགས་བཏོད་ཡོད་ཅེས་བཤད་པ་རེད།