《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月07日

ཟླ་དང་པོར་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པར་དུས་གཏན་མེ་འཁོར་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་30.9%འཕར་བ།

འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོར། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བརྒྱབ་ན། དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི་10.4སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་30.9%འཕར་ནས་འཕར་ཚད་ཅུང་མགྱོགས་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ཟླ་1ཚེས་29ཉིན་ཚད་ལྡན་དོས་སྒམ་ཁྲི་10ལས་བརྒལ་བ་དེ་ན་ནིང་ལས་ཉིན་15ཡི་སྔ་བ་དང་། 2017ལོར་ཤར་གཏོང་ཐུབ་ཚུན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཚད་ལྡན་དོས་སྒམ་ཁྲི་10ལས་བརྒལ་མགྱོགས་ཤོས་ཀྱི་ལོ་ཞིག་རེད།

མིག་སྔར། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་རྒྱལ་ནང་གི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)18ཀྱི་གྲོང་ཁྱེར་73གྱི་བབས་ཚུགས་157ལ་ཁྱབ་ནས། རྒྱལ་ཁབ་དང་ས་ཁུལ་127གྱི་གྲུ་ཁ་555ལ་ཤར་གཏོང་ཐུབ་ཡོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)