《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月06日

དཔྱིད་ཀྱི་འབོད་སྒྲའི་ཀྲུང་གོའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་ཝི་ཨེན་ནའི་གསེར་མདོག་ཚོམས་ཆེན་དུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝི་ཨེན་ན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨོ་སི་ཁྲུ་རི་ཡའི་ཝི་ཨེན་ནའི་གསེར་མདོག་ཚོམས་ཆེན་དུ་རོལ་དབྱངས་ཀྱི་སྒྲ་གྲགས་པ་དང་ཚོམས་ཆེན་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། 2025ལོའི་དཔྱིད་ཀྱི་འབོད་སྒྲའི་ཀྲུང་གོའི་ལོ་གསར་རོལ་དབྱངས་འདུ་ཚོགས་དེ་གར་གཟབ་རྒྱས་ངང་འཚོགས་པ་རེད།

ད་ཐེངས་ཀྱི་རོལ་དབྱངས་འདུ་ཚོགས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་དང་རྩེར་སོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རོལ་དབྱངས་སྒྲིག་འགོད་ཐད་ཀྲུང་གོའི་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་གཙིགས་ཆེན་བྱས་ནས་ཀྲུང་གོའི་སྲོལ་རྒྱུན་དང་ནུབ་ཕྱོགས་ཀྱི་རྩེར་སོན་བརྩམས་ཆོས་གཉིས་ཀ་འདུས་ཡོད། 《དཔྱིད་གསར་དུས་ཆེན་གྱི་སྔོན་འགྲོའི་རོལ་དབྱངས》དང《གསེར་སྦྲུལ་བྲོ་གར》ཞེས་པའི་གར་གྱི་སྟངས་སྟབས་འཁྲུག་པོ་ལས་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་དགའ་སྤྲོའི་རྣམ་པ་གང་ལེགས་མངོན་པ་དང་། གཡོད་ཧན་·ཧྲི་ཐེ་ལའོ་སི་ཆུང་བའི《མཐིང་མདོག་གི་ཏོ་ནའོ་གཙང་པོ》དང་ལུའུ་ཏའོ་ཧྥུའུ·ཤིས་ཆིན་སི་ཅི་ཡི《ཝི་ཨེན་ན། ཁྱེད་ཁོ་ནར་དགའ》 ཞེས་པ་ལས་ནུབ་ཕྱོགས་རོལ་དབྱངས་ཀྱི་ངོ་མཚར་མངོན་ཡོད།

ཀྲུང་གོའི་གཞས་གདངས་མཁས་ཅན་གྲགས་ཅན་ཅིན་ཝུའེ་ཡིས་རོལ་དབྱངས་འདུ་ཚོགས་ཐོག་རོལ་དབྱངས་གྲགས་ཅན《བ་སྤྲུ་མེ་ཏོག》ལ་ཆེད་མངགས་སྒྱུར་བཟོ་བྱས་ཤིང་། སྒྱུར་བཟོ་བྱས་པའི་མཉམ་གཞས་ཆེན་པོའི་བརྩམས་ཆོས་དེ་ཨོ་སི་ཁྲུ་རི་ཡའི་རླུང་འཕྲིན་ཀུང་སིའི་ཝི་ཨེན་ནའི་རླུང་འཕྲིན་མཉམ་གཞས་ཚོགས་པ་དང་། ཝི་ཨེན་ནའི་རྒྱལ་སྤྱིའི་ཨའེ་གཡོད་རོལ་དབྱངས་མཉམ་གཞས་ཚོགས་པ། ཀྲུང་གོ་ནས་ཡོང་བའི་ཆིང་ཀྲོའུ་མཉམ་གཞས་ཚོགས་པ་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་བྱས་པ་དང་། བརྗིད་ཉམས་ལྡན་པའི་མཉམ་གཞས་ཀྱི་རྣམ་པ་དང་སྙན་འཇེབས་ལྡན་པའི་འགྱུར་ཁུག་ལ་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཡང་ཡང་ཐོབ་ཡོད།