འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡོ། ཆུང་བདག་སྒྲོལ་དཀར།
ས་སྲོད་དུས་སུ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཆུ་ལྷོ་ཤང་རམ་ཆེན་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ཐང་སྟོང་དུ་བྱིས་པ་མང་པོ་རྩེད་འཇོལ་རོལ་བཞིན་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་འདུག
“ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཡོད་པས་ད་ལྟའི་འཚོ་བ་ཧ་ཅང་དྲོ་སྐྱིད་དང་ལྡན” ཕྲུ་གུ་ཚོར་བལྟ་བཞིན་གྲོང་མི་སྐལ་བཟང་དགའ་ཞིང་བློ་བདེ་བར་གྱུར། ས་ཡོམ་བརྒྱབ་རྗེས། ཁོང་དང་ནང་མི་བཅས་པ་བཀོད་སྒྲིག་བྱ་ཡུལ་གྱིས་སྟབས་བདེའི་ཁང་པར་མགྱོཌ་མྱུར་སྤོ་ཐུབ་པ་བྱུང་། “དཀར་ཆ་དོད་ལ་དྲོ་སྐྱིད་ལྡན་ཞིང་སྒྲིག་ཆས་གང་དགོས་ཅི་ཡོད་འདུག” ཟླ་1ཚེས་28ཉིན་བར་དིང་རིའི་ས་ཡོམ་གེགས་ཁུལ་དུ་སྟབས་བདེའི་ཁང་པ་ཁྲི་1.58ཙམ་བརྒྱབ་པའི་ནང་དིང་རི་རྫོང་གྲམ་མཚོ་ཤང་དང་། མཚོ་སྒང་ཤང་། ཆུ་ལྷོ་ཤང་བཅས་གནོད་འཚེ་ཚབས་ཆེན་ཕོག་པའི་ཤང་གསུམ་དུ་སྟབས་བདེའི་ཁང་པ་རྒྱག་པའི་ལས་དོན་ཚང་མ་ལེགས་གྲུབ་བྱུང་བ་དང་མང་ཚོགས་ཁྲི་1.2ལྷག་ཙམ་གྱི་སྡོད་གནས་ཐག་གཅོད་ཐུབ་ཡོད།
གྲམ་མཚོ་ཤང་དགུ་རུམ་གྲོང་ཚོ་ནི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲས་ཤིག་རེད། ཡུལ་མི་ཚོའི་སྡོད་ས་སྐྱིད་པོ་ཡོང་ཆེད་ས་གནས་དེ་གས་སྟབས་བདེའི་ཁང་པ་གཅིག་ལ་མི་ལྔ་ལས་མི་བརྒལ་བའི་ཚད་གཞི་གཞིར་བཟུང་བཀོད་སྒྲིག་བྱས་ཤིང་། ཡུལ་མི་སྤེན་པ་དོན་གྲུབ་ཀྱི་ཁྱིམ་དུ་ནང་མི་བདུན་ཡོད་པ་རྣམས་དྲོ་སྐྱིད་ལྡན་པའི་སྟབས་བདེའི་ཁང་མིག་གཉིས་ཀྱི་ནང་དུ་སྡོད་ཐུབ་པ་བྱུང་ཡོད།
“འདི་ནི་གྲོང་ཚོའི་ལས་བྱེད་པས་ང་ཚོར་སྤྲད་པའི་འཚམས་འདྲིའི་ལག་རྟགས་ཡིན་ལ་ཁུག་མ་འདིའི་ནང་ཇ་དང་ཤིང་ཏོག་ལ་སོགས་ཡོད”ཅེས་སྤེན་པ་དོན་གྲུབ་དང་ནང་མིས་ཇ་ཚ་པོ་འཐུང་གིན་ཁ་བརྡ་བྱེད།
བོད་རང་སྐྱོང་ལྗོངས་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དིང་རི་རྫོང་ལ་དངོས་ཟོག་འདང་ངེས་བཀོད་སྒྲིག་བྱས་པ་དང་ཆབས་ཅིག་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲིའི་ལག་རྟགས་ཁུག་མ་ཁྲི་1ལྷག་ཙམ་གྲ་སྒྲིག་བྱས་ཤིང་། ལག་རྟགས་ཁུག་མ་དང་དངོས་ཟོག་མཉམ་དུ་ཁྱིམ་ཚང་ཡོད་དོ་ཅོག་ལ་སྤྲད་ཡོད།
ལས་ཀ་སྔར་བས་ཞིབ་ཕྲ་འགྲུབ་ན། མང་ཚོགས་སེམས་ལ་དྲོ་སྐྱིད་སྦྱིན་ཐུབ།
དིང་རི་རྫོང་ཆུ་སྟེང་ཤང་གི་མི་དམངས་ཉེན་རྟོག་པ་ཝུའུ་པེའོ་ཡིས་ཕྱུགས་ཟོག་གི་ལྷས་ར་ཁག་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་འདུག ཝུའུ་པེའོ་ཡིས་ཉིན་ལྟར་གྱི་སྐོར་གཡེང་བྱས་ཚར་རྗེས། ལྷས་ར་ཁག་ལ་ཐེངས་རེ་ལྟ་བར་འགྲོ་ཡི་ཡོད།“ཕྱུགས་རིགས་ལ་སྐྱོན་མེད་པ་མཐོང་སྐབས། ཚང་མར་ལན་སྤྲོད་ཀྱི་ཡོད། དེ་ལྟར་བྱས་ན་དེ་བས་སེམས་བདེ་བ་འདུག”ཅེས་བཤད།
དེ་དང་འདྲ་བའི་དོན་དག་ད་དུང་མང་པོ་ཡོད། འོན་ཀྱང་ཝུའུ་པེའོ་ཡིས་བལྟས་ན། དོན་དག་ཚང་མར་དོན་སྙིང་ཡོད་པ་རེད། “དམངས་འཚོར་དོན་དག་ཆུང་ཆུང་མེད། མང་ཚོགས་ཀྱི་དོན་དག་ཚང་མ་དོན་ཆེན་ཡིན། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་བློ་བདེ་པོའི་ངང་དུས་ཆེན་གཏོང་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་བསམ་འདུན་ཞིག་ཡིན” མཚན་མོར། སྐལ་བཟང་ཁྱིམ་གྱི་སྟབས་བདེའི་ཁང་པའི་ནང་དུ་འཁྲུག་ཆ་དོད་པོ་ཡོད། ནང་མི་ཚང་མ་ཐབ་ཀྱི་མདུན་དུ་ཁ་བརྡ་གློད་བཞིན་དགོང་ཟས་བཟའ་རྒྱུར་སྒུག་ནས་བསྡད། མ་འོངས་པར་ང་ཚོ་ཁང་པ་གང་འདྲ་ཞིག་གི་ནང་སྡོད་རྒྱུ་ཡོང་ངམ་ཞེས་སྐལ་བཟང་གི་ཚ་མོ་བསྟན་འཛིན་གཡང་འཛོམས་ཀྱིས་ཡ་མཚན་ཆེན་པོས་དེ་ལྟར་དྲིས། “མཉམ་དུ་འབད་བརྩོན་བྱས་ན། ཁང་པ་གསར་པའི་ཆ་རྐྱེན་ཞན་པ་ཡོང་མི་སྲིད”ཅེས་སྐལ་བཟང་གིས་བཤད།
“ཏང་དང་སྲིད་གཞུང་གིས་རོགས་རམ་ཆེན་པོ་དེ་འདྲ་གནང་བས་ང་ཚོ་རང་ཉིད་ཀྱིས་ཀྱང་འབད་བརྩོན་བྱས་ནས་འཚོ་བ་སྔར་ལས་ལེགས་པར་ཡོང་བ་བྱེད་དགོས”ཞེས་སྐལ་བཟང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
སྟབས་བདེའི་ཁང་པའི་ནང་མེ་ཐབ་ཚ་པོ་ཡོད་ལ། མི་རྣམས་ཀྱི་སེམས་ཀྱང་དེ་བས་དྲོ་སོབ་སོབ་ཆགས།