ཕཱ་ཐེ་ལི་ཞི་ཨའོ་·ཀྲུའུ་སི་ཐོ།
དཔྱིད་གསར་དུས་ཆེན་ནི་ཀྲུང་གོ་བར་མཚོན་ན་ལོ་གཅིག་ནང་གི་དུས་ཆེན་གལ་ཆེ་ཤོས་ཤིག་རེད། དཔྱིད་གསར་དུས་ཆེན་གྱི་རིག་གནས་ཀྲུང་ཧྭ་མི་རིགས་ཀྱི་བརྩེ་སེམས་ཁྲོད་རྩ་བ་བརྟན་པོ་ཚུགས་ཡོད། དཔྱིད་གསར་དུས་ཆེན་ནི་ནང་མི་མཉམ་འཛོམས་ཀྱི་དུས་སྐབས་ཤིག་ཡིན་པས། ས་ཐག་ཇི་ཙམ་རྒྱང་རུང་ཁྱིམ་དུ་ལོག་ནས་གཉེན་ཉེ་དང་མཉམ་འཛོམས་ཡོང་བར་བྱེད་ཀྱི་ཡོད། བརྩེ་དུང་དེས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།
2016ལོ་ནས་2017ལོའི་བར། ངས་ཀྲུང་གོར་ལོ་གཅིག་ཏག་ཏག་འཚོ་བ་བསྐྱལ་བ་ཡིན། སྐབས་དེ་དུས་ང་རང་དངོས་སུ་དཔྱིད་གསར་དུས་ཆེན་གཏོང་ཐེངས་དང་པོ་ཡིན། ཚོགས་མཆོད་ལ་ལྟ་བ་དང་། ཤོག་སྦག་སྤོར་བ། ཅའོ་ཙེ་ཟ་བ་བཅས་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་མྱོང་རོལ་ཐུབ་བྱུང་ལ་ཀྲུང་གོར་ལོ་གསར་བཏང་བའི་མྱོང་ཚོར་དེ་ངས་ཚེ་གང་བརྗེད་མི་སྲིད། 2017ལོ་ནི་བྱ་ལོ་ཡིན་པ་དང་ལོ་དེའི་ལོ་གསར་གྱི་རི་མོ་དང་སྒེའུ་ཁུང་གི་མེ་ཏོག་ཐོག་བྱའི་གཟུགས་བརྙན་མང་པོ་ཡོད་པ་ངས་གསལ་པོར་དྲན་གྱི་འདུག ངས་ད་དུང“བྱ་སྐད་གོ་འཕྲལ་དྲག་རྩལ་སྦྱོང་བ”དང“གསེར་བྱ་རང་ཚུགས”སོགས་ཀྱི་གཏམ་དཔེ་ཤེས་བྱུང་ལ་དེས་ང་ལ་ཡ་མཚན་སྐྱེ་བ་དང་སྤྲོ་སྣང་སྦྱིན་བྱུང་། ང་ལྷག་པར་དུ་དཔྱིད་གསར་དུས་ཆེན་གྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་གོམས་སྲོལ་དེར་དགའ་པོ་ཡོད། གནའ་བོའི་སྲོལ་རྒྱུན་ལྟར་ན། རྒྱུན་དུ་རྒན་རབས་ཀྱིས་མི་རབས་རྗེས་མར་ཤོག་ཆག་སྤྲོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་དྲ་རྒྱའི་འཕྲིན་གཏོང་ཡོ་བྱད་དར་ཁྱབ་ཆེ་བ་དང་བསྟུན་ནས་ང་དང་ཀྲུང་གོའི་གྲོགས་པོའི་དབར་དྲ་ཐོག་ནས་ཤོག་ཆག་གཏོང་ལེན་བྱེད་པ་དང་དེ་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་འདུག དེ་ནི་དོན་དངོས་སུ་དཔྱིད་གསར་དུས་ཆེན་གྱི་རིག་གནས་གསར་པ་ཞིག་ཡིན་པ་དང་མི་རྣམས་ཀྱིས་ལག་རྩལ་གྱི་བྱ་ཐབས་གསར་ཤོས་ལ་བརྟེན་ནས་ཕན་ཚུན་སྨོན་འདུན་དང་འཚམས་འདྲི་ཞུ་གི་ཡོད།
རྒྱལ་སྤྱིའི་འབྲེལ་བ་དང་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཞིབ་འཇུག་པ་ཞིག་ཡིན་པའི་ངས་དཔྱིད་གསར་དུས་ཆེན་གྱི་གོམས་སྲོལ་དངོས་སུ་ཉམས་ལེན་བྱས་པ་བརྒྱུད“ཞི་མཐུན”དང་། “ཞི་བདེ” “འཆམ་མཐུན”སོགས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་སྲོལ་རྒྱུན་དུ་རྩ་བ་ཚུགས་པའི་རིན་ཐང་ལྟ་བ་སྔར་བས་ཤེས་རྟོགས་ཐུབ་བྱུང་། ཀྲུང་གོ་བས་དཔྱིད་གསར་དུས་ཆེན་ཇི་ལྟར་གཏོང་བར་མྱོང་རོལ་བྱས་པ་བརྒྱུད། དཔྱིད་གསར་དུས་ཆེན་གཏོང་བའི་རིན་ཐང་ལྟ་བ་དེས་རྒྱལ་སྤྱིའི་མ་ལག་ཁྲོད་ཀྲུང་གོས་རྒྱལ་ཁབ་གཞན་དག་དང་མཉམ་འགུལ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པ་ངས་ཚོར་བྱུང་།
ཞི་མཐུན་ནི་ཀྲུང་གོའི་སྲོལ་རྒྱུན་མཚན་ཉིད་རིག་པའི་ཁྲོད་ཀྱི་ཐ་སྙད་གལ་ཆེན་ཞིག་ཡིན། ང་ཚོ་འཚོ་བ་སྐྱེལ་སའི་སྣ་མང་ཅན་གྱི་འཇིག་རྟེན་ཁྲོད། འགལ་བ་དང་རྩོད་གཞི་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས། ཞི་མཐུན་འདུ་ཤེས་ཀྱིས་ང་ཚོས་འགལ་ན་མི་གཡོལ་བ་དང་ཆབས་ཅིག་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡོད། ཞི་མཐུན་ནི་འདྲ་མཚུངས་མ་མིན་ལ་ཁེར་རྐྱང་ཅན་ཞིག་དེ་བས་མིན། ཀྲུང་གོའི“འཆམ་མཐུན”རིག་གནས་ཀྱིས་ང་ཚོར་དྲན་སྐུལ་བྱས་དོན། རིག་གནས་མི་འདྲ་བའི་དབར་ཁྱད་པར་ཡོད་མོད། འོན་ཀྱང་ཕན་ཚུན་འཆམ་མཐུན་མཉམ་གནས་དང་ཕན་ཚུན་མྱོང་རོལ་བྱེད་ཐུབ། ང་ཚོས“འཆམ་མཐུན”རིག་གནས་ཀྱི་རིན་ཐང་ལ་སྔར་བས་ངོས་འཛིན་བྱས་ཏེ། རྒྱལ་ཁབ་ཁག་དབར་ཞི་བདེ་མཉམ་གནས་དང་གཉིས་ཁེ་གཉིས་ཕན་ཡོང་བར་འབད་བརྩོན་བྱེད་དགོས་ངེས་རེད། ཀྲུང་གོས་ཞི་བདེ་གཅེས་སུ་འཛིན་པའི་སྲོལ་རྒྱུན་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱེད་པ་ལས་འདུ་ཤེས་དེའི་རིན་ཐང་དང་གསོན་ཤུགས་མངོན་གྱི་ཡོད། ལ་ཏིང་མེ་གླིང་ལའང་ཀྲུང་གོའི“འཆམ་མཐུན”རིག་གནས་དང་འདྲ་བའི་འདུ་ཤེས་ཡོད་པ་དང་། ང་ཚོས་དེའི་ཁྲོད་ནས་ཐུན་མོང་གི་བརྩེ་བ་དང་སྤུན་ཟླའི་མཛའ་གྲོགས་སོགས་རིན་ཐང་དོན་གཉེར་བྱེད་པ་མཐོང་བྱུང་།
“དཔྱིད་གསར་དུས་ཆེན། ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ཀྱི་ལག་ལེན”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་བརྩམས་ཆོས་ཀྱི་མིང་གཞུང་དུ་བཅུག་པ་དེ་ནི་རྟེན་འབྲེལ་ཞུ་འོས་པའི་བྱ་བ་ཞིག་རེད། དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་མི་དམངས་ལ་དབང་བ་མ་ཟད། དེའི་བསམ་བློའི་དོན་སྙིང་འཛམ་གླིང་ཡོངས་སུ་ཁྱབ་བཞིན་ཡོད།
དཔྱིད་གསར་དུས་ཆེན་ནི་འཛམ་གླིང་གིས་ཀྲུང་གོའི་རིག་གནས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་ཕན་ཚུན་བསམ་ཤེས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་ཤིག་ཡིན་ལ། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རིག་གནས་ཕན་ཚུན་རྒྱུས་མངའ་དང་ཤེས་རྟོགས་བྱེད་པར་སྐུལ་འདེད་གཏོང་བའི་སྒྲོག་ཐག་དང་འབྲེལ་ཟམ་ལ་ཉིན་བཞིན་འགྱུར་བཞིན་ཡོད།
(རྩོམ་པ་པོ་ནི་ཨ་ཀེན་ཐིན་ཨ་ཀྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན་པ)