འདི་ག་ཚགས་པར་གྱི་གསར་འགོད་པ། པའེ་ཙི་ཝུའེ་དང་། ལིའུ་ཅུན་གོ སུང་ཧའོ་ཤིན།
ཧྥིན་ལན་ནས་ཡིན་པའི་ཀྲན་ནེ་·ཐར་ཝ་དབྱི་ཉིང་དང་ཁོང་གི་བཟའ་ཟླས་ཧྲང་ཧའེ་རུ་གཟའ་འཁོར་གཉིས་རིང་ཡུལ་སྐོར་སྤྲོ་འཆམ་དང་སྦྲགས་འཁྲུག་ཆ་དོད་པའི་དཔྱིད་གསར་དུས་ཆེན་ཞིག་བཏང་བ་རེད། ཁོང་གིས་གསར་འགོད་པར་ཁ་པར་ནས་རང་ཉིད་དང་བཟའ་ཟླས་ཧྲང་ཧའེ་ཡི་ཤར་ཕྱོགས་མུ་ཏིག་བརྙན་འཕྲིན་མཐོ་ལྕོག་དང་། ཏི་ཧྲི་ཉི་སྤྲོ་སྐྱིད་གླིང་། ཕྱི་ཐང་། ཀྲུའུ་ཅ་ཅའོ་གནའ་གྲོང་སོགས་སུ་བརྒྱབ་པའི་པར་བསྟན་བྱུང་། ཐར་ཝ་དབྱི་ཉིང་གིས“ང་ཚོ་སྔ་ས་ནས་ཧྲང་ཧའེ་རུ་ཡུལ་སྐོར་ལ་ཡོང་རྩིས་ཡོད། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་ཀྲུང་གོའི་སྲིད་ཇུས་ཀྱིས་ང་ཚོ་ཡུལ་སྐོར་བར་སྟབས་བདེ་ཆེན་པོ་བསྐྲུན་བྱུང”ཞེས་གསར་འགོད་པར་བཤད་བྱུང་།
ད་ལོའི་དཔྱིད་གསར་དུས་ཆེན་ནི་དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལེགས་གྲུབ་བྱུང་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་པོ་ཡིན་ལ། ཀྲུང་གོས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལྷུག་གཏོང་ལེགས་སྒྱུར་བྱས་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་པོ་ཡང་ཡིན་པས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བའི་སྤྲོ་སེམས་ཇེ་ཆེར་འཕེལ་ཡོད། འདི་གར་ཁོང་ཚོས་སྲོལ་རྒྱུན་གྱི་ཀྲུང་གོའི་ལོ་དང་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས་ཏེ། ཀྲུང་གོའི་དམངས་ཚོགས་དང་གྲོགས་པོ་སྒྲིག་པ་དང་ཕན་ཚུན་རྒྱུས་ལོན་བྱེད་ཀྱི་ཡོད།
ཧྲང་ཧའེ་ནི་ཕྱི་རྒྱལ་གྱི་གྲོགས་པོ་མང་པོ་ཀྲུང་གོར་ཡུལ་སྐོར་ལ་ཡོང་ས་དང་པོ་དེ་ཡིན། ཧྲང་ཧའེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཚུན་ནས་ཟླ་2ཚེས་1ཉིན་གྱི་ཆུ་ཚོད་17བར་སྤྱི་ཁྱབ་ས་ཚིགས་དེས་རྒྱལ་མཚམས་སུ་འཛུལ་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་4.1ལ་ཞིབ་བཤེར་བྱས་པ་ལས་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་2.2ཟིན་ནས་རྒྱལ་མཚམས་སུ་འཛུལ་མཁན་ཕྱི་རྒྱལ་བའི་བསྡོམས་འབོར་གྱི་53.7%བཟུང་ཡོད་པ་རེད།
ཀྲེ་ཅང་ལི་ཧྲུའེ་ཆིང་ཐེན་རྫོང་ཧྥང་ཧྲན་ཤང་ལུང་ཤན་གྲོང་ཚོར་ཧ་སག་སི་ཐན་གྱི་གཞོན་ནུ་ཀྲར་ཅ་སིས་བློ་རྩེ་གཅིག་སྒྲིམ་གྱིས་ཤོག་བུ་དམར་པོའི་སྟེང་རྒྱ་ཡིག“ཧྥུའུ”བྲིས་ཤིང་། ཁོང་གིས“འདི་ནི་ངས་སྤུ་སྨྱུག་གིས་ཡི་གེ་འབྲི་ཐེངས་དང་པོ་ཡིན་ལ། ཨ་ཅང་ཅང་དཔྱིད་གསར་དུས་ཆེན་གྱི་ཆ་ཡིག་འབྲི་ཐེངས་དང་པོའང་ཡིན་པས། སྣང་བ་སྐྱིད་པོ་བྱུང་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཡང་བྱུང”ཞེས་བཤད།
ཨ་ཧྥུ་ཀ་ནི་སི་ཐན་ནས་ཡིན་པའི་ཐུའོ་ཞི་ཀྲུང་གོའི་གྲོགས་པོའི་གདན་ཞུས་ལྟར་ཆིང་ཐེན་དུ་ཐེངས་དང་པོར་ལོ་གསར་གཏོང་བར་ཡོང་ནས་ཉ་མགོའི་སྲན་ཕྱུར་ཐང་དང་། ཉ་ཤ་རླངས་བཙོས། སྣུམ་བསྲེགས་བག་སྲབ་སོགས་ལོ་གསར་གྱི་གྲ་རྒྱས་ཕུན་སུམ་ཚོགས་པའི་དགོང་ཟས་ལ་དགའ་བས་རོལ་ཞིང་། ཁོང་གིས“གྲོགས་པོའི་ཨ་མས་ང་ལ་ཟས་རིགས་རེས་ལོ་གསར་པའི་རེ་སྒུག་གསར་པ་རེ་མཚོན་གྱི་ཡོད། དཔེར་ན་ཉ་ཤའི་མཚོན་དོན་ཡང་ལོ་རེ་ནས་ལོ་རེ་ཕུན་སུམ་ཚོགས་པ་ཡོང་བའི་དོན་ཡིན་ཞེས་གསུངས་བྱུང་བས། ངས་ཀྲུང་གོའི་ཞིམ་ཟས་ལ་དེ་བས་རྒྱུས་མངའ་གཏིང་ཟབ་ལོན་བྱུང”ཞེས་བཤད། གྲོགས་པོའི་ནང་མི་དང་མཉམ་དུ་ཅའོ་ཙེ་བཟོས་པས་ཐུའོ་ཞིར་ཁྱིམ་གྱི་དྲོ་སྐྱིད་དང་མཉམ་འཛོམས་ཀྱི་ཚོར་སྣང་ཟབ་མོ་བྱུང་བ་རེད།
“ཁྱིམ་དུ་ཚང་མའི་དགོད་སྒྲས་ཁེངས་སོང་། དགོང་ཟས་ཚར་རྗེས་ང་ཚོས་མཉམ་དུ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་བལྟས་པ་དང་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད་པས། ང་རང་ཡང་ཁོ་ཚོའི་ནང་མི་ཡིན་པའི་ཚོར་སྣང་བྱུང་། དེ་ལྟ་བུའི་དྲོ་སྐྱིད་ལྡན་པའི་ཚོར་སྣང་སྔོན་ཆད་ཧ་ལམ་ཡོང་མྱོང་མེད”ཅེས་ཐུའོ་ཞིས་སེམས་འགུལ་ཚད་མེད་ཐེབས་ཀྱིན་བཤད།
ཁྲེང་ཏུའུ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་1ཚེས་28ཉིན་ནས་ཟླ་2ཚེས་2ཉིན་གྱི་ཆུ་ཚོད་13བར་ཁྲེང་ཏུའུ་མཁའ་འགྲུལ་འགག་སྒོ་ནས་རྒྱལ་མཚམས་སུ་འཛུལ་མཁན་འགྲུལ་པ་མི་ཐེངས་44720ལ་ཞིབ་བཤེར་བྱས་ཡོད་པ་རེད། ཨུ་རུ་སུ་ནས་ཡོང་བའི་ནཱ་ཐ་ལི་ཡཱ·པི་ཏེ་ལུའོ་ཝ“སི་ཁྲོན་གྱི་བྲོ་བ”ཡིས་ཕྱུག་པའི་ཀྲུང་གོའི་ལོ་ཉམས་སུ་མྱོང་ཐེངས་དང་པོ་ཡིན་ཞིང་། ཁོང་གིས་ཁ་པར་གྱི་ཉིན་རེའི་ལས་རིམ་ནང་རྒྱ་ཁོག་ཟ་བ་དང་། ཕོར་ཇ་འཐུང་བ། དོམ་ཁྲར་ལྟ་བ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱེད་པ་སོགས་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་ཇི་ལྟར་བྱེད་མིན་འཆར་གཞི་ཞིབ་ཕྲ་བཀོད་ཡོད་པ་རེད།
(སྐལ་མཆོག་གིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)