འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་2ཉིན། གསར་འགོད་པས་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ཟླ་བ་4ལྷག་ཙམ་གྲ་སྒྲིག་བྱས་པ་བརྒྱུད། ཟླ་2ཚེས་3ཉིན་གྱི་སྔ་དྲོར་གཙོ་གཉེར་གྲོང་ཁྱེར་ཧར་པིན་དུ་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་དངོས་སུ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་དཔལ་འབར་བརྒྱུད་སྤྲོད་ཀྱི་དུས་ཚོད་ཉིན་1ཡིན་པ་དང་བརྒྱུད་སྤྲོད་ཀྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ་11ཙམ་ཡོད་པ་རེད། དཔལ་འབར་བརྒྱུད་སྤྲོད་ཀྱི་བརྗོད་དོན་གཙོ་བོ་ནི“གངས་འཁྱག་གི་ཕུགས་འདུན་གཅིག་མཐུན། ཨེ་ཤེ་ཡའི་སེམས་པ་གཅིག་མཐུན”ཞེས་པ་ཡིན་ཞིང་། འགོ་ཚུགས་མཛད་སྒོ་དང་། དཔལ་འབར་བསྡུ་བའི་མཛད་སྒོ ལམ་བར་གྱི་མང་ཚོགས་ཀྱི་འཁྲབ་སྟོན་བཅས་སུ་དབྱེ་ནས་དཔལ་འབར་འཁྱེར་མཁན་ཁྱོན་120བརྒྱུད་སྤྲོད་ལ་ཞུགས་པ་རེད། དཔལ་འབར་བརྒྱུད་སྤྲོད་ཀྱི་འགོ་ཚུགས་ས་ཧར་པིན་གྲོང་ཁྱེར་ཏའོ་ཝེ་ཆུས་ཀྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཀྲུང་ཧྭ་པཱ་ལུའོ་ཁེ་རུ་གཏན་འཁེལ་བྱས་པ་དང་། དཔལ་འབར་བསྡུ་བའི་མཛད་སྒོ་དེ་ཧར་པིན་གྲོང་ཁྱེར་ཏའོ་ལི་ཆུས་སུང་ཧྭ་ཅང་གཙང་པོའི་འགྲམ་ངོགས་ཀྱི་འདམ་རའི་སྤྱི་གླིང་གི་དྲ་གྲགས་ཀྱི་གངས་མི་ཐང་ཆེན་དུ་གཏན་འཁེལ་བྱས་པ་རེད།
ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་ཚེས་7ཉིན་འགོ་འཛུགས་རྒྱུ་ཡིན་ཞིང་། ཚེས་3ཉིན་གྱི་སྔ་དྲོར་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཐོག་མ་ཧར་པིན་འཁྱགས་རྩེད་སྤོ་ལོ་ཁང་དུ་གཉེར་བ་་རེད།