《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月05日

ཀྲུང་གུང་ཀྲུང་དབྱང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་བཙུགས་ནས་ལོ་95འཁོར་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་3ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་གློག་འཕྲིན་བཏང་ནས། ཝེ་ཐེ་ནམ་གུང་ཁྲན་ཏང་བཙུགས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུས་ཤིང་། རྟེན་འབྲེལ་གློག་འཕྲིན་ནང་འཁོད་དོན། ལོ་95ཡི་རིང་། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཝེ་ཐེ་ནམ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བཅིངས་འགྲོལ་རྒྱལ་ཁའི་ངང་མངོན་འགྱུར་བྱུང་ནས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་གསར་བཅོས་བྱ་གཞག་ཁྲོད་ཀུན་གྱིས་དོ་སྣང་བྱེད་འོས་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། ལྷག་པར་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པ་འཚོགས་ཚུན། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཏང་འཛུགས་སྐྱོང་དང་བཅོས་སྒྲིག་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས། ཝེ་ཐེ་ནམ་གྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བདེ་འཇཌ། དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས། རྒྱལ་སྤྱིའི་གནས་བབ་ཉིན་རེ་བཞིན་ཇེ་མཐོ་བཅས་བྱུང་ཡོད། མིག་སྔར། ཝེ་ཐེ་ནམ་ཏང་དང་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་གཙོ་བོ་གནང་བའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱས་ནས། ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཏེ། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད། ཁྱེད་ཚོའི་དམིགས་ཚད་མངོན་འགྱུར་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

ཀྲུང་གོ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་དབར་གྱི་གསར་བརྗེའི་མཛའ་གྲོགས་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུའུ་ཞི་ཧུའུ་ཀྲི་མིང་སོགས་འགོ་ཁྲིད་པ་རྒན་རབས་ཚོས་དངོས་སུ་གསར་འཛུགས་་དང་འཛུགས་སྐྱོང་ཞིབ་ཚགས་གནང་བ་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་གསར་བརྗེའི་འཐབ་རྩོད་བྱེད་སྐབས་ཕན་ཚུན་རྒྱབ་སྐྱོར་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རིང་ལག་གདང་དཔུང་སྦྲེལ། སྒྱུར་བཅོས་སྒོ་དབྱེ་དང་གསར་བཅོས་བྱ་གཞག་ཁྲོད་འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་ལམ་དུ་བསྐྱོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། ཝེ་ཐེ་ནམ་གུང་ཁྲན་ཏང་དང་མཉམ་དུ་ཏང་གཉིས་ཀྱི་འགོ་ཁྲིད་མཐོ་ཤོས་དབར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་དང“ཡིག་འབྲུ་བཅུ་དྲུག”གི་མཛད་ཕྱོགས་དང“བཟང་པོ་བཞིའི”དགོངས་དོན་མཐའ་འཁྱོངས་ཀྱིས“དེ་བས་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་། མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱེད་པ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་གྱི་མཛའ་གྲོགས་བརྟན་དུ་གཏོང་བ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་རྒྱ་སྐྱེད་གཏོང་བ། ཏང་སྐྱོང་རྒྱལ་སྐྱོང་གི་རིགས་པའི་གཞུང་ལུགས་དང་ཉམས་མྱོང་སྤེལ་རེས་དང་དཔྱད་གཞི་འཛིན་རེས་ལ་ཤུགས་སྣོན་རྒྱག་པ། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་འགྲོ་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་པ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་པ་དང་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་གྱི་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་པ་བཅས་རེད།

(པད་ཆོས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)