《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月27日

མང་ཚོགས་དགུན་ཁ་དྲོ་སོབ་སོབ་དང་དུས་ཆེན་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

ཧོ་ལེ་ཀྲེ།

ཉིན་ཤས་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པར་ཕེབས་ཏེ། “མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་པ་བྱེད་དགོས”ཞེས་མངགས་བཅོལ་གནང་བ་དང་། ཁྲོམ་རའི་མཁོ་སྤྲོད་ལ་མཁྱེན་རྟོགས་གནང་རྗེས། ཁོང་གིས“ཚང་མས་བཟའ་བཅའ་ཡག་པོ་དང་བདེ་ཐང་གི་བཟའ་བཅའ་ཟ་ཐུབ་པར་བྱེད་དགོས”ལ། མི་དམངས་མང་ཚོགས་དགའ་སྤྲོ་དང་། བདེ་འཇགས། འཆམ་མཐུན་བཅས་ཀྱི་དུས་ཆེན་ལ་རོལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ལོ་ལྟར་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་གི་ཡོད། དུས་དང་རྣམ་པ་ཀུན་དུ་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྡུག་ཐུགས་ལ་འཆང་གནང་ནས་ལ་ཀླུང་མང་པོ་བརྒལ་ནས་འཚམས་འདྲི་གནང་བར་ཕེབས་ཀྱི་ཡོད། གང་ལགས་ཤེ་ན། “ཁྱེད་ཚོའི་རེ་བ་ནི་ང་ཚོའི་རེ་བ་ཡིན”དང“མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་དུ་འཇུག་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན”ཞེས་རྟག་ཏུ་གསུངས་ཀྱི་ཡོད།

ན་ནིང་ནས་བཟུང་རང་རྒྱལ་གྱི་ས་ཆ་ཁ་ཤས་ལ་རང་བྱུང་གནོད་འཚེ་ཕོག་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་ཧ་ཅང་ཆེན་པོ་གནང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་ཞུགས་ཡོད། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་བརྒྱབ་རྗེས། ཁོང་གིས“མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པར”མཛུབ་སྟོན་གལ་ཆེན་གནང་བ་དང་། ཧུའུ་ནན་ཐུན་ཀྲོའུ་རུ་རགས་ཁ་ཤོར་སྐབས“མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས”ཞེས་བླང་བྱ་བཏོན་གནང་བ། ཀོང་ཏུང་དང་ཧྥུའུ་ཅན་སོགས་ས་ཁུལ་དུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཕོག་སྐབས“གནོད་འཚེའི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། གནོད་འཚེ་ཆེན་པོའི་མདུན་དུ་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་ལ་བདེན་དཔང་ཐུབ་པ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སྟོབས་ཤུགས་རླབས་པོ་ཆེར་ཞིབ་དཔྱད་ཐུབ་ཡོད།

“འཚོ་བ་སྔར་ལས་ལེགས་པར་སྐྱེལ་ཐུབ་པ”ནི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རེ་བ་ཡིན། དེ་ནི་མི་དམངས་དུང་ཕྱུར་མང་པོའི་སེམས་ཁོང་གི་རེ་སྒུག་ཅིག་ཡིན་ལ་ཉིན་ལྟར་འབད་འཐབ་བྱེད་པའི་དམིགས་ཡུལ་ཡང་ཡིན། ཐུན་མོང་གི་རེ་བ་འདིའི་ཆེད་དུ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས་ལོ་རེ་རེའི་དགུན་ཁ་བདེ་བླག་ངང་སྐྱེལ་ཐུབ་པ་བྱས་ཡོད། ལོ་གསར་པ་དང་མདུན་སྐྱོད་གསར་པར། སྙིང་སྟོབས་རབ་འཕེལ་བྱེད་པ་གཙོར་བཟུང་གིས། ཆར་རླུང་འཚུབ་ཀྱང་མཚམས་མི་འཇོག་པར་ང་ཚོས་མུ་མཐུད་དུ་གསར་གཏོད་བྱས་ནས་མཛེས་སྡུག་ལྡན་པའི་རྣམ་པ་ཟམ་མི་ཆད་པར་དོན་དངོས་སུ་བསྒྱུར་བ་བྱེད་དགོས།