2024ལོའི་ཟླ་11པའི་བར། མཚོ་ནུབ་ཀྲོའུ་ཡི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་ཟིན་ནས་དྲ་སྦྲེལ་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་1939ཟིན་པའི་ནང་འོད་ཤུགས་དང་། ཚ་འོད། རླུང་གློག་སོགས་ནུས་རྒྱུ་གསར་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་44%བཟུང་ཡོད།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པ་ཧྭ་གློག(མཚོ་ནུབ)ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སིའི(གཤམ་དུ“ཧྭ་གློག་མཚོ་ནུབ་ཀུང་སི”ཞེས་བསྡུ་རྒྱུ)ཀྲན་ཧོང་ནུས་གསོག་གློག་ཁང་དུ་འཛུལ་སྐབས། གློག་རྫས་ཁང་310དང་གློག་རྒྱུན་སྒྱུར་བ་དང་གློག་ཤུགས་སྤོར་བ་གཉིས་གཞི་གཅིག་ཅན་གྱི་ཁང་པ་56ཡོད་པ་དེ་དག་གྲུ་ཁའི་དོས་སྒམ་རེ་རེ་དང་འདྲ་བར་ཐང་རྒོད་དུ་གྲལ་སྟར་འགྲིག་པོར་བཞག་འདུག
མཚོ་ནུབ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་གཡུལ་ས་གཙོ་བོའི་གྲས་ཤིག་ཡིན་ཞིང་། 2024ལོའི་ཟླ་11པའི་བར། མཚོ་ནུབ་ཀྲོའུ་ཡི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་ཟིན་ནས་དྲ་སྦྲེལ་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་1939ཟིན་པའི་ནང་འོད་ཤུགས་དང་། ཚ་འོད། རླུང་གློག་སོགས་ནུས་རྒྱུ་གསར་པའི་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་44%བཟུང་ཡོད། ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག མཚོ་ནུབ་ཀྱིས་ནུས་གསོག་དེ་གློག་ཤུགས་མ་ལག་གསར་པ་སྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ནུས་གསོག་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་རྒྱུན་ཆད་མེད་པར་བཏང་བ་དང་། ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བས། དཔལ་འབྱོར་གྱི་ཕན་འབྲས་དང་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་གཉིས་ཀ་ཡག་པོ་ཐོན་ཡོད་པ་རེད།
“ཀྲན་ཧོང་ནུས་གསོག་གློག་ཁང་ནི་ཧྭ་གློག་མཚོ་སྔོན་གཏེར་ལེན་ཁའི་ཆན་ཝ་ཁྲི་100ཡི་འོད་གསོག་དང་ཀྲའོ་ཝ་3གྱི་ཆིང་བཟོའི་རྣམ་གྲངས་ཀྱི་འགག་རྩའི་ལེ་ལག་ཡིན་ལ། མིག་སྔར་རྒྱལ་ཡོངས་ཀྱི་རྐྱང་གཟུགས་ཀྱི་གློག་འདོན་ཤུགས་ཆེ་ཤོས་ཀྱི་མཉམ་སྤྱོད་ནུས་གསོག་གློག་ཁང་ཞིག་ཀྱང་རེད། གློག་ཁང་དེ་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་ཁོར་ཡུག་ཞན་པོར་གནས་ཡོད་མོད། འོན་ཀྱང་ཕྱི་རོལ་གྱི་སྔོན་བཟོའི་ཁང་པའི་ལིན་སྐྱུར་ལྕགས་ལིས་གློག་རྫས་ཀྱི་ནུས་གསོག་མ་ལག་དང་སྔོན་ཐོན་གྱི་ཏི་ཚ་པོར་ཁུ་རྒྱུན་གློག་རྫས་ཀྱི་ནུས་གསོག་མ་ལག་ལྟེ་བར་བྱས་ཏེ། མིག་སྔར་རྒྱལ་ནང་དུ་སྡེབ་གཅིག་ལ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་གློག་ནུས་རྫས་འགྱུར་གྱི་ནུས་གསོག་མ་ལག་ཆེ་ཤོས་བཙུགས་ཡོད”ཅེས་ཧྭ་གློག་མཚོ་ནུབ་ཀུང་སི་གཏེར་ལེན་ཁ་ཡུག་ཁུལ་གྱི་ཀྲུའུ་རེན་གཞོན་པ་དབུན་ཅི་ཞང་གིས་ངོ་སྤྲོད་བྱས།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲན་ཧོང་ནུས་གསོག་གློག་ཁང་གི་སྤྱིའི་འཛུགས་སྐྲུན་གཞི་ཁྱོན་270MWཟིན་པ་དང་། ལེ་ལག་སྒྲིག་བཀོད་ཀྱི་གློག་འདོན་ཚད་1080MWhཟིན་ནས་ནུས་གསོག་ས་ཁོངས་8ལ་ཁྱབ་པ་དེའི་ནང་ནུས་གསོག་ཚན་པ་56ཚུད་ཡོད། སྔོན་དཔག་བྱས་ན་ལོ་རེར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་3ཟིན་རྒྱུ་ཡིན་ཞིང་། 2024ལོའི་ཟླ་7པའི་ཟླ་མཇུག་ཏུ་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད་པ་རེད།
(ཚེ་སྒྲོལ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)