《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月25日

གཞུང་དྲང་དང་། ཐོག་མའི་བསམ་འདུན། དམངས་སེམས།

ཀུའེ་ཚུང་ལུའུ།

རྒྱུན་གཏན་གྱི་འཚོ་བའི་ཁྲོད། “མི་ཞིག་བྱེད་པར་གཞུང་དྲང་དགོས” “གཞུང་དྲང་གི་མི་བྱེད་པ་དང་གཞུང་དྲང་གིས་བྱ་བ་སྒྲུབ་དགོས”ཞེས་བཤད་པ་རྟག་ཏུ་ཐོས་རྒྱུ་ཡོད། གཞུང་དྲང་གལ་ཆེན་པོ་ཡིན་དོན་ཅི་ཡིན་ཞེ་ན། དེར་ཀྲུང་གོ་བའི་ཀུན་སྤྱོད་ཀྱི་མཚན་ཉིད་རིག་པའི་ནང་དོན་ལྡན་པས་རེད།

མི་རིང་བའི་གོང་བསྟན་པའི་བརྙན་འཕྲིན་ཆེད་དོན་པར་གཞི《རུལ་རྒོལ་ནི་དམངས་ཀྱི་ཆེད་དུ་ཡིན》ཞེས་པའི་ནང་། ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་སུན་ཧྲུའུ་ཐའོ་ཡི་གྱོད་གཞིའི་ནང་དོན་ཞིབ་ཕྲ་ཕྱིར་བསྒྲགས་བྱས་ནས་མི་རྣམས་ལ་ཉེན་བརྡ་སྒྲོག་ཡོད། “གྲངས་འཛིན་ལ་བརྟེན་ནས་དཔོན་གནས་བཟུང་། དཔོན་གནས་འཛིན་པར་གྲངས་འཛིན་ལ་བརྟེན”པར་ཡིད་ཆེས་བྱེད་མཁན་སུན་ཧྲུའུ་ཐའོ་ཡིས་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རིང་། ས་གནས་ཀྱི་དོན་དངོས་དང་མ་མཐུན་པའི་དམིགས་ཚད་རྫུན་མ་བཟོས་པ་མ་ཟད། གཤམ་འོག་ལ་གནོན་ཤུགས་སྤྲད་པས། འབྲེལ་ཡོད་ཚན་པས་བསྡོམས་རྩིས་རྫུན་བཟོ་དང་སྙན་སེང་རྫུན་ཞུ་ཚབས་ཆེན་བྱས་ཡོད། ཁོ་པས“རྫུན་བཟོ་ནི་གསལ་པོར་བཤད་ན། རྒྱུ་དག་མེད་པ་ཞིག་རེད”ཅེས་བརྙན་ལམ་མདུན་དུ་གནོང་འགྱོད་བྱེད་བཞིན་བཤད།

ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས། བྱ་བ་སྒྲུབ་རིང་། གཞུང་དྲང་དང་སེམས་བཟང་ཁོ་ནར་བརྟེན་ན་མི་འགྲིག གཞུང་དྲང་དེ་ཀུན་སྤྱོད་ལ་ཚད་འཇལ་བྱེད་ཅིག་ཏུ་བརྩིས་ཆོག་ཀྱང་མཐའ་ཚད་ཙམ་ཡིན་པས། ད་དུང་དེ་བས་མཐོ་བའི་དམིགས་ཚད་ཀྱིས་རང་ཉིད་ལ་བླང་བྱ་ནན་པོ་འདོན་དགོས། དམངས་སེམས་ཚད་ཤིང་དུ་བྱས་ཏེ་མིའི་གཞི་རྩའི་གཞུང་དྲང་ལྡན་མིན་ལ་ཚད་འཇལ་དགོས་པ་མ་ཟད། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ཡོད་མེད་ལའང་ཚད་འཇལ་དགོས།

“ས་སྦུག་སྨན་པ”ལུའུ་ཧྲེང་མེ་གཞི་རིམ་གྱི་སྨན་ཁང་ལ་གཞི་ཚུགས་ཏེ་ལས་ཀ་ལོ་50ལྷག་ཙམ་བྱས་ཡོད། ལང་ཚོ་དར་བའི་དུས་ནས་མགོ་སྐྲ་དཀར་པོར་གྱུར་པའི་བར། ཁོང་ལ་འགྱུར་ལྡོག་བྱུང་མེད་པ་ནི་མི་དམངས་བདེ་ཐང་ཡོང་བར་བྱེད་པའི་སྨན་པའི་བྱམས་སེམས་དེ་རེད། བོད་ལྗོངས་གཞིས་རྩེའི་ས་ཡོམ་རོགས་སྐྱོབ་ཁྲོད་ཏང་ཡོན་གདོང་ལེན་རུ་མིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་འགན་འཁྲི་ལྕི་པོ་ཁུར་ནས་མདུན་དུ་བསྐྱོད་པས། “ཁྱོད་ཚོ་ཡོད་པས། ང་ཚོ་བློ་བདེ་སོང”ཞེས་པའི་མང་ཚོགས་ཀྱི་སྙིང་གཏམ་ལས་ཏང་ཡོན་ལས་བྱེད་པ་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་རྟེན་ས་དང་སྙིང་ཉེ་བར་གྱུར་པ་མཚོན་ཡོད།

“དཔོན་པོ་ལས་གནས་དང་བྲལ་རྗེས། དེ་ཡི་བྱས་རྗེས་དམངས་ཀྱིས་གླེང”ཞེས་མི་ཚོས་རྒྱུན་དུ་བཤད་པ་བཞིན་དམངས་ཀྱི་འདོད་ཚུལ་ནི་དམངས་སེམས་ཡིན་པས། ཏང་ཡོན་ལས་བྱེད་པ་མང་པོས“དམངས་ཀྱིས་བསྔགས་ན་དོན་དང་མཐུན་པ་ཡིན”ཞེས་པའི་ལེགས་བཤད་དེས་རང་གིས་རང་ལ་ལྕག་སྐུལ་བཏང་ནས་དཀའ་སྤྱད་དངོས་སྒྲུབ་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་མཐའ་འཁྱོངས་བྱས་པས་དམངས་སེམས་ཐོབ་ཡོད། དཔོན་གནས་ཁུར་ཏེ་མང་ཚོགས་ཀྱི་བྱ་བ་དངོས་ཡག་པོ་མ་བསྒྲུབས་པར་མི་བདེན་རྫུན་སྒྲིག་དང་། གོང་འོག་ལ་མགོ་སྐོར་བ་དང་ཐ་ན་ཁྲིམས་འགལ་ཉེས་གསོག་ལམ་དུ་བསྐྱོད་ཚེ། དམངས་སེམས་མི་ཐོབ་པ་མ་ཟད། ཐོག་མའི་བསམ་འདུན་དང་འགལ་ལ། གཞུང་དྲང་མེད་པས་རང་སེམས་ལ་གནས་བཟོད་བདེ་པོ་ཡོང་མི་ཐུབ།

ཐོག་མའི་བསམ་འདུན་འཆང་སླ་ཡང་། མཐའ་འཁྱོངས་བྱེད་པ་ཤིན་ཏུ་དཀའ་ཟེར་བ་བཞིན་རེད། ལྐོག་ཟ་རུལ་སུངས་བ་མི་ཉུང་བས་བཤད་པ་བཞིན་དང་ཐོག་ཏང་རྩ་འཛུགས་ལ་ཞུགས་སྐབས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཟོལ་མེད་བརྩེ་སེམས་ཡོད་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་ངར་ཤུགས་བརྟན་པོས་འབད་འཐབ་བྱ་རྒྱུའི་སེམས་ཐག་བཅད་ཡོད། ཡིན་ནའང་། དཔོན་གནས་མཐོ་རུ་སོང་བ་དང་དབང་ཆའང་ཆེ་རུ་འགྲོ་སྐབས། དེ་ལས་ལྡོག་སྟེ་མང་ཚོགས་དང་ཐག་རིང་དུ་སོང་ནས་གཡང་ལ་ཟགས་དོན་ཅི་ཡིན་ཞེ་ན། མཐར་གཏུགས་ན། ཐོག་མའི་བསམ་འདུན་བརྗེད་པ་དང་གཞུང་དྲང་བརླགས་ཏེ་ངོ་སོ་སྲུང་བ་དང་ཁེ་གྲགས་བསམ་པ་སོགས་ཀྱི་ཁྲོད་དུ་ཕམ་ཉེས་སུ་གྱུར་པས་རེད།

ཏང་ཡོན་ལས་བྱེད་པ་ཞིག་ལ་མཚོན་ན། གནོང་མེད་གཞུང་དྲང་དང་། ཐོག་མའི་བསམ་འདུན་ཆུད་ཟོས་སུ་མི་གཏོང་བའི་ཐོག་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་སྔ་ཕྱི་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་སྐྲུན་པར་གཞོལ་ཚེ་དམངས་སེམས་ཐོབ་ངེས་ཡིན། ད་ཆ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་སྔར་བས་དཀའ་ཚེགས་ལྡན་ལ་ལྗིད་རྫོབ་ཆེ་ནའང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དོ་དོ་ནན་ནན་དང་ཤུགས་བརྒྱབ་སྟེ། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་ཟོན། རང་གཟབ། རང་སྐུལ་བཅས་ཀྱི་སྒོ་ནས་བསམ་སྦྱོར་གཅིག་མཐུན་བ་ཞིག་བྱས་ཚེ། རང་ཉིད་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་བདེ་བསྐྲུན་ནས་དམངས་ཀྱི་ཡིད་ཆེས་ཐོབ་ངེས་རེད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)