《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月23日

ཀུའེ་ཀྲོའུ་ཙུན་དབྱི་ཡིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ།

ཐོན་ལས་ཀྱི་བསམ་ཕྱོགས་ཡོད་པ། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཤན། ཁྲེང་ཧོན།

ཀུའེ་ཀྲོའུ་ཙུན་དབྱིའི་གྲོང་གསེབ་ཏུ་བསྐྱོད་སྐབས་ཡུལ་མིའི་སྡོད་ཁང་དག་རི་སྔོན་ཆུ་དྭངས་གསེང་དུ་ཐར་ཐོར་དུ་གནས་པ་དང་ཇ་ཞིང་དང་། ནགས་རི། ཆུ་ཕྲན་བཅས་གཅིག་ལ་གཅིག་བརྒྱན་སྤྲས་པ་ལྟར་སྣང་། གྲོང་ཚོའི་ནང་ཁྱད་ལྡན་དམངས་སྲོལ་གནས་ཚང་དང་། གསོ་ཚགས་རྟེན་གཞི། འགྱིག་ཤོག་དྲོད་ཁང་སོགས་གང་སར་མཐོང་རྒྱུ་ཡོད།

གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་ཆེད། ཙུན་དབྱི་གྲོང་ཁྱེར་གྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱས་ཏེ། “བཞི་ལྡན་གྲོང་གསེབ་དང་མཛེས་མཐུན་གྲོང་གསེབ”འཛུགས་སྐྲུན་བྱ་རྒྱུ་གཞི་རྟེན་དུ་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་གང་ཐུབ་བྱས་ཡོད།

ཐོན་ལས་དར་རྒྱས་བྱུང་བ།

རི་ཆུ་བཟང་ན་ཇ་ལོ་བཟང་པོ་ཐོན། ཐོན་ལས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ཡོད་ན་གྲོང་མི་ཕྱུག་འགྱུར་ལ་གཞི་ནས་ཐབས་ལམ་ཡོད། 2010ལོར་ཧྥུའུ་ཅན་དུ་ལས་ཀ་བྱས་ནས་ལོ་མང་སོང་བའི་ལུའོ་ཏི་ཀང་གྲོང་ཚོར་ལོག་མ་ཐག་ས་ཞིང་བརྒྱུད་བཤུག་བླངས་ནས་སྐྱེ་ཁམས་ཇ་ར་བཙུགས། དེ་གོ་སྐབས་ཤིག་ཏུ་བརྩིས་ནས་ཨར་ལུང་གྲོང་ཚོས“ཀྲི་པུའུ་དང་། སྣེ་འདྲེན་ཁེ་ལས། དུད་ཚང་ཆེ་གྲས། ཐར་ཐོར་དུད་ཚང་བཅས་ཟུང་དུ་འབྲེལ་བའི”སྒྲིག་འཛུགས་བྱེད་སྟངས་ལ་བརྟེན་ནས་ཇ་ལོའི་ཁེ་ལས་ནང་འདྲེན་བྱས་ཏེ་གྲོང་མི་སྣེ་ཁྲིད་ཀྱིས་ཇའི་ཐོན་ལས་འཕེལ་རྒྱས་བཏང་ཞིང་། དུས་ཐུང་ལོ་འགའི་ནང་རི་རྒོད་ཇ་ཞིང་དུ་གྱུར་ནས་ས་གནས་དེ་གར་ཐོན་པའི་ཇ་ལོ་དག་ས་གནས་ཁག་དང་ཕྱི་རྒྱལ་དུ་ཕྱིར་ཚོང་བྱས་ཡོད།

གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་སྔོན་ལ་འཇོག་པ། ཀུའེ་ཀྲོའུ་བྱང་རྒྱུད་ཀྱི་ས་གཞི་ཆེན་པོར་གྲོང་ཚོ་དེ་བས་མང་བ་ཞིག་གིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་པོའི་ལམ་བུར་བསྐྱོད། ལོ་ཤས་རིང་ཙུན་དབྱི་གྲོང་ཁྱེར་གྱིས་འབྲུ་རིགས་དང་བཟའ་སྣུམ་དང་། ཇ་ལོ། སུར་པན་སོགས་ཁྱད་ལྡན་ཐོན་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2024ལོའི་དུས་ཚིགས་དང་པོ་ནས་གསུམ་བའི་བར་གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་694.1ཟིན་པ་དེ་དང་། དུས་མཚུངས་ལས་3.8%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13681ཟིན་པ་དེ་དུས་མཚུངས་ལས་7.2%འཕར་ཡོད།

གྲོང་ཚོ་མཛེས་སྡུག་ལྡན་པར་གྱུར་པ།

སུའེ་དབྱང་རྫོང་དབང་ཚའོ་གྲོང་རྡལ་ཁྲེན་ཀོང་གྲོང་ཚོའི་གྲོང་གསེབ་ཀྱི་གཞུང་ལམ་སྙོམས་ཤིང་ཡངས་པ་དང་ཁྱིམ་ཚང་མུ་ཏིག་ཕྲེང་བརྒྱུད་ལྟར་གནས་ནས་མཛེས་ཤིང་ཡིད་དུ་འོང་བའི་རི་མོ་ཞིག་དང་གཉིས་སུ་མ་མཆིས།

ལོ་མང་གོང་ཡུལ་མི་ཧྥེང་ཧྭ་ཆིན་གྱིས་ཀུའེ་ཀྲོའུ་བྱང་རྒྱུད་ཀྱི་ཡུལ་མིའི་སྡོད་ཁང་ཞིག་བསྐྲུན་ཡོད། དུས་ཚོད་ཆུ་མོའི་རྒྱུན་བཞིན་རྒྱུག་པ་དང་སྦྲགས་ཁང་པ་རིམ་བཞིན་རྙིང་པར་གྱུར། ཁོང་ཚོ་ནང་ཚང་གིས་སྡོད་ཁང་བསྐྱར་སྐྲུན་བྱེད་རྩིས་བྱས། 2023ལོར་གྲོང་ཚོས་མ་དངུལ་སྒོར་ཁྲི་150བརྩོན་ལེན་བྱས་ཏེ་སྡོད་ཁང་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་པ་དང་། ཧྥེང་ཧྭ་ཆིན་ལ་ཁ་གསབ་རོགས་དངུལ་རག་རྗེས་མགྱོགས་མྱུར་སྡོད་ཁང་ཉམས་བཟོ་བྱས།“ཁ་གསབ་སྒོར་ཁྲི་1.5རག་པས་ང་ཚོའི་སྡོད་ཁང་ཉམས་བཟོ་དེ་བས་ལེགས་པ་ཐུབ་སོང”ཅེས་བཤད།

སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཁྲེན་ཀོང་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་བརྒྱུད། གྲོང་ཚོ་ཡོངས་ཀྱི་ཀུའེ་ཀྲོའུ་བྱང་རྒྱུད་ཀྱི་ཡུལ་མིའི་སྡོད་ཁང་སྒྱུར་བཀོད་རིམ་སྤོར་བྱས་པ་དང་གྲོང་མིར་ཁང་པའི་རྒྱབ་མདུན་དུ“མེ་ཏོག་ལྡུམ་ར་ཆུང་ཆུང་དང་། ཤིང་ཏོག་ལྡུམ་ར་ཆུང་ཆུང་། སྔོ་ཚལ་ལྡུམ་ར་ཆུང་ཆུང”བཅས་འཛུགས་རྒྱུའི་ལྕག་སྐུལ་བྱས། གྲོང་ཚོའི་ནང་འཚོ་བའི་བཙོག་ཆུ་བཅོས་སྒྲིག་དང་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བས་བཙོག་ཆུ་གང་བྱུང་དུ་ཕྱིར་འབུད་དང་གང་བྱུང་དུ་བཤོ་བའི་སྣང་ཚུལ་མེད་པ་ཆགས་པས། གྲོང་ཚོའི་ནང་འཆམ་འཆམ་བྱེད་སྐབས་ལྷམ་བཙོག་པ་ཆགས་པའི་སེམས་ཁྲལ་བྱེད་མི་དགོས་དོན་མེད་པས་ཧྥེན་ཧྭ་ཆིན་ཧ་ཅང་དགའ་པོ་བྱུང་བ་རེད།

མི་སེམས་གཅིག་ཏུ་བསྒྲིལ་བ།

ཡུལ་མི་ཚོ“ཕྱུག་པོ་ཆགས་པ་བྱེད་པ་དང་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི”ཐད་ཧྭ་མའོ་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་སྤེལ་བཞིན་ཡོད། “ང་ཚོས་ཡུལ་སྲོལ་སྒྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡུལ་མི་ཚོར་རང་འགུལ་ངང་རྒྱས་སྤྲོས་འཕྲོ་བརླག་དང་རྨོངས་ཚོད་ཀྱིས་བསྡུར་བ་བྱེད་པ་སོགས་ཀྱི་གོམས་སྲོལ་ངན་པ་དང་གོམས་སྲོལ་རྙིང་པ་གཏན་འགོག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་དེ་འཕེལ་རྒྱས་གཏོང་རྒྱུའི་ཐད་འདུས་ཡོད”ཅེས་ཧྭ་མའོ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཕེང་ལུང་ཧྥན་གྱིས་ངོ་སྤྲོད་བྱས། ཁོང་གིས་གྲོང་ཚོའི་ནང་རིག་གནས་ལ་བརྟེན་ནས་མི་སེམས་གཅིག་ཏུ་བསྒྲིལ་བ་དང་། གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་དུས་མཚུངས་ཞིང་པའི་ལོ་ལེགས་དུས་ཆེན་དང་། ལན་ཆིའུ་སྤོ་ལོའི་ལུས་རྩལ་འགྲན་ཚོགས། རིག་གནས་ཁྱིམ་ཚང་ཁྲི་སྟོང་དུ་ཁྱབ་པ་སོགས་རིག་གནས་ལུས་རྩལ་བྱེད་སྒོ་དང་དེ་བཞིན་ཁྱིམ་ཚང་གི་ཀུན་སྤྱོད་དང་མི་སྒེར་གྱི་ཀུན་སྤྱོད་དཔྱད་འདེམས་བྱེད་སྒོ་གཉེར་བས་གྲོང་གསེབ་ཀྱི་ཡུལ་སྲོལ་ཤེས་རིག་གི་ས་བོན་མྱུ་གུ་འབུས་ཐུབ་པ་བྱུང་ཡོད་ཅེས་བཤད།

རིག་གནས་ཐོན་ཁུངས་རབ་དང་རིམ་པ་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། 2014ལོ་ནས་2023ལོ་བར། ཧྭ་མའོ་གྲོང་ཚོའི་ཞིང་པའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10948ནས་སྒོར་24958བར་འཕར་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་ཁྲི་16ནས་སྒོར་ཁྲི་1297བར་འཕར་ཡོད་པ་རེད།