ཞོགས་པ་སྔ་པོ་ནས་སི་རི་ལན་ཁའི་དབུས་རྒྱུད་ཁང་ཐི་གྲོང་ཁྱེར་དུ་གནས་པའི་ཀྲུང་གོ་དང་སི་རི་ལན་ཁའི་ཆུའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན་མཉམ་འབྲེལ་ལྟེ་གནས(གཤམ་དུ“ཀྲུང་སི་ཆུའི་ལྟེ་གནས”ཞེས་བསྡུ་རྒྱུ)སུ་བྲེལ་འཚུབ་ཀྱིས་ཁེངས་བཞིན་ཡོད། ཞིབ་འཇུག་མི་སྣ་རེ་འགས་མ་དཔེ་ལེགས་སྒྲིག་བྱེད་པ་དང་། རེ་འགས་ཚོད་ལྟ་བྱེད་པ། རེ་འགས་གྲངས་གཞི་ཟིན་ཐོར་འགོད་བཞིན་འདུག དེ་དག་མཐོང་སྐབས་ལྟེ་གནས་དེའི་ཀྲུའུ་རེན་ཝེ་ལེ་ཀེ་ཏེ་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ལོ་10ལྷག་ཙམ་གོང་ཀྲུང་གོ་ལས་ཐོབ་པའི་ཉམས་མྱོང་གིས་ངས་སི་རི་ལན་ཁར་ཡང་ཆེད་ལས་དང་ཚན་རིག་དང་མཐུན་པའི་ཆུའི་ལག་རྩལ་ཚོད་ལྟ་ཁང་ཞིག་བྱུང་ན་སྙམ་པའི་ཕུགས་འདུན་བཅངས་མྱོང་ཡོད། ད་ཆ་ཀྲུང་གོའི་གྲོགས་པོའི་རོགས་རམ་འོག་ཕུགས་འདུན་མངོན་འགྱུར་བྱུང་སོང”ཞེས་བརྗོད།
ཀྲུང་གོ་དང་སི་རི་ལན་ཁའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཅིང་། ཕྱི་འབྲེལ་བཙུགས་ནས་ལོ་68རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་མི་འདྲ་བའི་དབར་མཛའ་མཐུན་མཉམ་འདྲེས་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་སིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཆུའི་མཉམ་ལས་རྣམ་གྲངས་ཀྱིས་ཆུ་གཙང་མ་སྤྱོད་ཐུབ་པའི་འགན་ལེན་བྱེད་པ་ནས་ཞིང་ལས་ལག་རྩལ་ལ་བརྟེན་ནས་ལོ་ཏོག་ཐོན་འབོར་མཐོ་རུ་འགྲོ་བར་རྒྱབ་སྐྱོར་བྱེད་པའི་བར་དང་། དེ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ཞིང་ཆུ་འདྲེན་པར་སྟབས་བདེ་སྐྲུན་པ་བཅས་དངོས་སྒྲུབ་མཉམ་ལས་ཀྱིས་ཀྲུང་སིའི་འབྲེལ་བ་འབྱུང་རྩ་ནས་ལེགས་པོ་དང་། བརྟན་པོ། འཕེལ་རྒྱས་ཡོང་བ་བྱས་ཡོད།