《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月22日

ཧྲང་ཧའེ་ཡིས་སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་405བཙུགས་པ།

འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་ཟླ་1ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིན་ཤས་གོང་གཉེར་བའི་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་དམངས་འཚོའི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། ཧྲང་ཧའེ་ཡིས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཞབས་ཞུའི་དྲ་བ་ཚགས་དམ་དུ་དང་ཞབས་ཞུའི་ནུས་པ་རྒྱ་ཆེ་རུ་བཏང་ཡོད།

མིག་སྔར། ཧྲང་ཧའེ་གྲོང་ཁྱེར་ཡོངས་སུ་རྒན་གསོའི་ཉལ་ཁྲི་ཁྲི་17.6ཟིན་པས་ཉལ་ཁྲིའི་གྲངས་འབོར་འདང་ངེས་ཡོད་པ་རེད། སྡེ་ཁུལ་གྱི་བསྒར་བརྒྱན་རྣམ་པའི་རྒན་གསོའི་ཞབས་ཞུ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཡོད། ཁྲོམ་གཞུང་དང་གྲོང་རྡལ་དུ་ཁྱོན“ལྟེ་བའི་རྣམ་པའི”སྡེ་ཁུལ་ཕྱོགས་བསྡུས་རྒན་རྒོན་ཞབས་ཞུ་ལྟེ་གནས་502བཙུགས་ཏེ་རྒན་རྒོན་ཚོར“གཅིག་འཐུས་རྣམ་པའི”ཕྱོགས་བསྡུས་ཞབས་ཞུ་མཁོ་འདོན་བྱས་ཡོད། རྒན་རྒོན་ཚོས་དོ་ཁུར་ཆེན་པོ་བྱེད་པའི་བཟའ་བཏུང་ཞབས་ཞུའི་གནད་དོན་ལ་དམིགས་ཏེ། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན། སྡེ་ཁུལ་གྱི་རྒན་རྒོན་ཟ་ཁང་405དང་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་2000ལྷག་ཙམ་བཙུགས་པ་མ་ཟད། སྤྱི་ཚོགས་ཐོག་གི་ཟ་ཁང་140ལྷག་ཙམ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་དྲ་བའི་ནང་བསྡུ་ལེན་ཡང་བྱས་ཡོད། གྲོང་མི་སྡོད་ཁུལ་དུ“གཟུགས་པོ་འཁྲུ་རོགས་དང་ལྟ་རྟོག་བྱེད་པ་”སོགས་ཀྱི་རྒན་གསོའི་ཞབས་ཞུའི་ས་ཚིགས་542བསྐྲུན་ཡོད།

ཚན་རྩལ་རིག་ལྡན་གྱི་རྒན་གསོའི་ལས་དོན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། མིག་སྔར། གྲོང་ཁྱེར་ཡོངས་སུ་རིག་ལྡན་རྒན་གསོ་ཁང་77བཙུགས་ཡོད་པ་དང་། “རྒན་གསོ་ཁང་དང་མཉམ་འབྲེལ་དྲ་རྒྱའི་སྨན་ཁང”156ཁྱབ་གདལ་བཏང་ནས་སྤྱད་པ་མ་ཟད། ལྟ་རྟོག་བྱེད་མཁན་གྱི་འཕྲུལ་མི་དང་། རིག་ལྡན་དོ་དམ་མ་ལག རྒྱང་རིང་བདེ་འཇགས་འགོག་སྲུང་སོགས་ཚན་རྩལ་ཐོན་རྫས་རྒྱ་ཁྱབ་ངང་བེད་སྤྱོད་བཏང་ནས། རྒན་རྒོན་ཚོའི་འཚོ་བ་ལེགས་སུ་གཏོང་བར་རམ་འདེགས་བྱས་ཡོད།

(ཕུར་སྒྲོན་གྱིས་བསྒྱུར། པ་སངས་ཀྱིས་ཞུས)