རྨ་ཆུའི་སྟོད་རྒྱུད་དང་གཙང་གསུམ་ཆུ་འགོ་ཁུལ་གྱི་བྱེ་རླུང་གི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་པའི་དོལ་ཐང་གི་བྱེ་རླུང་བཅོས་སྒྲིག་ལས་དོན་ནི་དེ་སྔ་ནས་དཀའ་གནད་ཅིག་ཏུ་གྱུར་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ས་གྲུ་བཞི་ཤང་ལ་ཆ་མཚོན་ན། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང“ཉིན་མོ་བཏབ་མ་ཐག་པའི་ལྗང་མྱུག་མཚན་མོ་ལྷགས་པས་ཁྱེར་ནས་ཕྱི་ཉིན་མཐོང་རྒྱུ་མེད་པ་མ་ཟད། ནུབ་བྱང་ཕྱོགས་ཀྱི་རླུང་གིས་དེད་པར་བརྟེན་བྱེ་ཐང་ཤར་ལྷོའི་ཕྱོགས་སུ་རྒྱ་བསྐྱེད་དེ་ས་གྲུ་བཞི་ཤང་གི་རྨོ་ཞིང་མུའུ་ཁྲི་1.6ལ་ལོ་འཁོར་མོར་བྱེ་རླུང་གིས་གནོད་འཚེ་ཕོག་གི་ཡོད”ཅེས་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཀྱི་སྔོན་ཐོན་མི་སྒེར་དང་མཚོ་སྔོན་ཞིང་ཆེན་བྱེ་བཅོས་ཚོད་ལྟའི་ས་ཚིགས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཀྲའོ་ཞུས་པིན་གྱིས་ཕྱིར་དྲན་བྱས་ནས་བཤད།
ལོ་ངོ་བཅུ་ཕྲག་ཁ་ཤས་རིང་། ས་གནས་དེ་གའི་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་དོན་པ་ཚོས“བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྱོང་བྱེད་སྐབས་ཐབས་ཤེས་སྣ་ཚོགས་སྤྱད་ནས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ཧུར་ཐག་སྤེལ་བས་ད་ཆ་རླུང་འགོག་བྱེ་འཇགས་ནགས་ཚལ་དང་ཞིང་ཁ་འགོག་སྲུང་ནགས་ཚལ་ལས་གྲུབ་པའི་སྔོ་ལྗང་གི་སྲུང་ཡོལ་ཞིག་ཆགས་ཡོད་པ་རེད།
གསེར་ཆེན་རྫོང་ཐེ་ཀེ་ཤང་གི་དོལ་ཐང་དུ་བསྐྱོད་ཚེ། རྒྱང་རིང་ནས་འོད་ཆེན་པོ་ཞིག་མཐོང་ཐུབ། དེ་ནི་ཚ་ཞུ་ཚྭའི་འོད་དྲོད་མཐོ་ལྕོག་རེད། ཉིན་མོ་ཡིན་ཡང་མཐོ་ཚད་སྨི་100ལྷག་ཙམ་ཟིན་པའི་མཐོ་ལྕོག་དེའི་རྩེ་མོའི་འོད་སྣང་ཧ་ཅང་གསལ་པོ་ཡོད། དེའི་གཤམ་གྱི་ཡུག་འབྲེལ་འོད་ཤུགས་པང་ལེབ་ཆེན་པོས་རྒྱུན་ཆད་མེད་པར་སྟེང་ལ་འོད་ནུས་སྐྱེལ་སྤྲོད་བྱེད་ཀྱི་ཡོད།
སྔོན་ཆད་རྩྭ་རྐང་གཅིག་ཀྱང་མི་སྐྱེས་པའི་མྱ་ངམ་ཐང་དེ་ད་ཆ་འོད་ཤུགས་ཐོན་ལས་འདུས་ས་ཞིག་ཏུ་གྱུར་པས། དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། ད་དུང་སྐྱེ་ཁམས་ཀྱི་ཕན་འབྲས་ཀྱང་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།
གྲངས་གཞི་ཁག་གཅིག་ལས་གསལ་བཤད་ཐུབ་པ་ནི། འོད་ཤུགས་གླིང་ཁུལ་བཙུགས་རྗེས་ཁུལ་ཁོངས་དེའི་རླུང་འགྲོས་50%དང་ས་རྒྱུའི་ཆུ་རླངས་པར་འགྱུར་ཚད་30%ཆག་ནས་སྔོ་ཁེབས་ཚད་80%ཟིན་ཡོད་པ་རེད། “འོད་ཤུགས་པང་ལེབ་ཀྱིས་ཐད་ཀར་འཕྲོས་པའི་ཉི་འོད་བཀག་ཐུབ་པས། ས་རྒྱུའི་ཆུ་རླངས་པར་འགྱུར་ཚད་ཉུང་དུ་ཕྱིན་པའི་ཁར་འོད་ཤུགས་པང་ལེབ་དུས་བཀག་ལྟར་གཙང་འཁྲུད་བྱེད་སྐབས་འཐོར་བའི་ཆུས་རྩྭ་སྐྱེ་འཚར་ལ་མཐུན་རྐྱེན་བསྐྲུན་ཡོད” ལོ་མང་པོར་ནགས་ལས་རྩྭ་ཐང་ཁོངས་གཏོགས་སུ་ལས་ཀ་བྱས་པའི་མཚོ་ལྷོ་ཀྲོའུ་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་ཧོ་ཤང་ལུང་གྲངས་གཞི་དེར་ཡིད་ཆེས་ཆེན་པོ་ཡོད། འོད་ཤུགས་པང་ལེབ་རྒྱ་ཁྱབ་བཙུགས་ན་རླུང་འགོག་གི་ནུས་པ་ཐོན་པ་མ་ཟད། འོད་ཤུགས་པང་ལེབ་འོག་གི་སྔོན་ཆད་རྩྭ་རྐྱང་གཅིག་ཀྱང་མི་སྐྱེ་བའི་མྱ་ངམ་ཐང་དེ་ཡང་སྤང་ལྗོངས་སུ་འགྱུར་བའི་ཆ་རྐྱེན་ལྡན་ཐུབ”
མིག་སྔར། མཚོ་ལྷོ་ཀྲོའུ་ཡིས་དོལ་ཐང་དུ་ཆན་ཝ་ཁྲི་སྟོང་རིམ་པའི་སྐྱེ་ཁམས་འོད་གློག་རྣམ་གྲངས་བསྐྲུན་ནས། སྔོན་ཆད་བྱེ་འགྱུར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་674ཟིན་པའི་དོལ་ཐང་དེ་ཡང“གསེར་རི་དངུལ་རི”དང“རི་སྔོན་ཆུ་དྭངས”སུ་གྱུར་ཡོད།
མཚོ་ལྷོ་ཀྲོའུ་ནས་ཐོན་པའི་ཚགས་ཤ་དང་ལུག་ཤ་ས་གནས་དེ་གར་སྐད་གྲགས་ཆེ་ཡང་དུས་ཡུན་རིང་པོར་རྩྭ་ཕྱུགས་དོ་སྙོམས་མེད་པས་ས་གནས་དེ་གའི་གསོ་ཚགས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད། “ལུག་ལ་གཟན་རྩྭ་མང་པོ་སྟེར་རྒྱུ་མེད་པས་གསོ་ཚགས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་མི་ཐེབས་རང་ཐེབས་རེད”ཅེས་མཚོ་སྔོན་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱང་གོ་ཀྲུའུ་ཡིས་བཤད།
“‘འོད་ཤུགས་རྩྭ’ཟླ་11པའི་ཟླ་མཇུག་བར་འདང་གི་ཡོད་པ་དང་རིན་པ་དགོས་ཀྱི་མེད”ཐེ་ཀེ་ཤང་མ་ཧན་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྐར་མ་རིན་ཆེན་གྱིས། སྤྱིར་བཏང་དགུན་ཁར་ཚང་མས“འོད་ཤུགས་ལུག”གཞི་ནས་གྲོང་ཚོར་དེད་ཡོང་གི་ཡོད། “ཞིང་འབྲོག་ཅུས་དང་ཤང་གྲོང་གིས་མཐུན་སྦྱོར་བྱས་པ་བརྒྱུད། ང་ཚོའི་གྲོང་ཚོར་འོད་ཤུགས་རྩྭ་ར་མུའུ་7400བགོ་བཤའ་རག་བྱུང་། སྔོན་ཆད་ང་ཚོ་ཅ་ཤིང་ཡུལ་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལུག་མགོ་གྲངས་900ལྷག་ཙམ་གྱི་ལོ་རེའི་གཟན་རྩྭ་ཁོ་ནར་སྒོར་ཁྲི་20ལྷག་ཙམ་གཏོང་དགོས་ཀྱི་ཡོད། ‘འོད་ཤུགས་རྩྭ’ཡོད་པས་2024ལོ་ཁོ་ནར་གཟན་རྩྭའི་འགྲོ་གྲོན་སྒོར་ཁྲི་13ལྷག་ཙམ་གྲོན་ཆུང་ཐུབ་ཡོད”ཅེས་བཤད།
ཡིན་ནའང“འོད་ཤུགས་རྩྭ”ཁོ་ནར་བརྟེན་ན་མི་འགྲིག་ཅིང་། མཚོ་ལྷོ་ཀྲོའུ་ཡིས་ཐག་ཉེ་སར“འོད་ཤུགས་སྐྱེ་ཁམས་འབྲོག་ར”འཆར་འགོད་ཚན་རིག་དང་མཐུན་པ་བྱས་ཏེ་ས་གྲུ་བཞི་དང་། ཆབ་ཆ། ཐེ་ཀེ་སོགས་ཤང་དང་གྲོང་རྡལ་5ཡི་གྲོང་ཚོ་14རུ་རྨ་ཆུའི་ཆུ་གློག་དང་། ཏ་ཐང་། རྒྱལ་ཁབ་ནུས་རྒྱུ་སོགས་འོད་ཤུགས་ཁེ་ལས་10དང་མཉམ་དུ་འོད་ཤུགས་སྐྱེ་ཁམས་འབྲོག་ར་14བསྐྲུན་པ་དང་གསོ་སྤེལ་གཞི་ཁྱོན་མགོ་གྲངས་ཁྲི་1.3ཟིན་པ་མ་ཟད། ད་དུང་འོད་ཤུགས་འབྲོག་ར་17སྐྲུན་བཞིན་ཡོད་པ་རེད།
ཆབ་ཆ་གྲོང་རྡལ་གྱི་གྲོང་ཚོ་གཉིས་ཀྱང་འོད་ཤུགས་སྐྱེ་ཁམས་འབྲོག་རའི་ཁྱབ་ཁོངས་སུ་བཅུག་པ་དང་། གྲོང་ཚོ་དེ་གཉིས་ཚ་རྔ་འགག་དང་བར་ཐག་ཉེ་བས། སྔོན་ཆད་ཕྱུགས་འཚོ་བར་ཁྱིམ་མཚེས་གྲོང་ཚོའི་རྩྭ་ར་ཡོད་སར་འགྲོ་དགོས་རྐྱེན་རྩྭ་རའི་རྩོད་གཞི་ཐོན་སླ་པོ་ཡོད”ཆབ་ཆ་གྲོང་རྡལ་གྱི་ཀྲེན་ཀྲང་ཀླུ་མོ་གཡང་སྒྲོན་གྱིས“འོད་ཤུགས་སྐྱེ་ཁམས་འབྲོག་ར་ཡོད་པས་འབྲོག་པ་མང་ཚོགས་ཐག་ཉེ་སར་ཕྱུགས་འཚོ་ཐུབ་ཁར། དེས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་བརྟན་པོ་ཡོང་བར་ཡང་ནུས་པ་ཐོན་ཡོད”ཅེས་བཤད།
“འོད་ཤུགས་བྱེ་བཅོས”ཀྱི་ཕན་འབྲས་ཐོན་པར་བརྟེན། 2024ལོའི་ལོ་མཇུག་ཏུ། མཚོ་སྔོན་ཞིང་ཆེན་གྱིས《འོད་ཤུགས་ཐོན་ལས་ཀྱི་ནགས་རྩྭ་བྱེ་ས་བེད་སྤྱོད་ཁུལ་དབྱེའི་སྙན་ཞུ》བཀྲམ་སྟེ་བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་བཅས་ཀྱི་ཐོན་ཁུངས་ག་ཚོད་ཡོད་མེད་ཁྱོན་ཡོངས་ནས་རྩིས་བཤེར་གྱིས་འོད་གློག་དང་རླུང་གློག་ར་བ་འཛུགས་སྐྲུན་ལ་སྤྱོད་ཆོག་པའི་ཐང་རྒོད་དེ་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཁུལ་དང་། འཛུགས་སྐྲུན་ལ་འཚམ་པའི་ཁུལ། འཕེལ་རྒྱས་དང་མཐུན་པའི་ཁུལ་བཅས་སུ་ཞིབ་ཕྲ་དབྱེ་ནས་ས་གནས་ཁག་གི་འོད་གློག་དང་བྱེ་འགོག་བྱེ་བཅོས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་མཛུབ་ཁྲིད་དང་སྐུལ་འདེད་བཏང་བ་རེད།
མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆན་ཝ་ཁྲི་5769ཟིན་པ་དང་གྲངས་ཀ་དེ་སྔར་བཞིན་འཕར་བཞིན་ཡོད། “ཕྱོགས་གཉིས་ཀའི་ཆ་རྐྱེན་ཚང་མ་འཛོམས་ཡོད་པ་སྟེ། ཕྱོགས་གཅིག་ནས་ནུས་རྒྱུ་གཙང་མའི་ཐོན་ལས་མཐུན་སྦྱོར་ངང་ལག་བསྟར་བྱེད་ཤུགས་ཆེ་ཙམ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བྱེ་འགྱུར་ས་ཁྱོན་ཧ་ཅང་ཆེ་བས་དེ་གཉིས་མཐུན་པོ་ཡོད་པ་རེད”མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཏུའུ་ཕིང་ཀུའེ་ཡིས། གནས་ཚུལ་མཐིལ་རྟོགས་བྱས་པ་བརྒྱུད། མཚོ་སྔོན་གྱིས་འོད་གློག་དང་རླུང་གློག་ར་བ་འཛུགས་སྐྲུན་ལ་སྤྱོད་ཆོག་པའི་ཐང་རྒོད་སྤྱི་ལེ་ངོས་གྲུ་ཁྲི་10ཟིན་ཡོད་པ་ཁ་གསལ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
(དམ་ཆོས་མི་ཕམ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)