ཉེ་ཆར། ཧིན་རྡུ་ཉི་ཞི་ཡའི་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་ཡོན་ཀྲང་ཏེ་ཀུའུ·ཏའར་ཐན་ཐུའོ་ཡིས་འདི་ག་ཚགས་པར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཡུན་རིང་གི་ཕན་པ་བསྐྲུན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་བཞིན་པའི་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད”ཅེས་བརྗོད་པ་རེད།
2025ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་ལོ་ཡིན་པས་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས་ལ་ཕྱོགས་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཏེ་ཀུའུ་ཡིས“ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད་པས། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་པ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་སྔར་བས་རྒྱ་སྐྱེད་གཏོང་བ་དེས་ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་རྒྱུ་རེད”ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཚན་རྩལ་སྟོབས་ཤུགས་མགྱོགས་མྱུར་འཕེལ་ནས་ཁྱབ་ཁོངས་མང་པོར་ཚད་བརྒལ་ཆེན་པོ་བྱུང་ཡོད། ཏེ་ཀུའུ་ཡིས“ཀྲུང་གོར་འཚམས་འདྲིར་སྐྱོད་སྐབས་རང་ཉིད་ལ་ཀྲུང་གོའི་ཚན་རྩལ་ཡར་རྒྱས་ཕྱིན་པའི་ཚོར་སྣང་བྱུང་། ཀྲུང་གོར་སྔོན་ཐོན་གྱི་ལག་རྩལ་མང་པོ་ཡོད་པ་དང་དེའི་གསར་གཏོད་ཀྱི་མྱུར་ཚད་ཧང་སངས་དགོས་པ་ཞིག་འདུག”ཅེས་བརྗོད། ཏེ་ཀུའུ་ཡིས“ཀྲུང་གོ་སྲིད་གཞུང་གིས་ཚན་རྩལ་ལ་མ་དངུལ་རྒྱུན་མཐུད་མང་དུ་གཏོང་བ་དང་། གཟིགས་སྐྱོང་སྲིད་ཇུས་བཏོན་ནས་ཤེས་ལྡན་པའི་ཡིད་དབང་འགུག་པ། སློབ་གྲྭ་དང་ཁེ་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྐུལ་མ་གཏོང་བ་སོགས་ཀྱིས་ཀྲུང་གོའི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ཚོགས་སྤྱི་རྒྱུན་ཆད་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད། དེ་དག་ཚང་མར་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་ཡིན་པའི”ངོས་འཛིན་བྱེད་ཀྱི་ཡོད།
ནུས་རྒྱུ་གསར་པའི་ཐོན་ལས་ལ་ཏེ་ཀུའུ་ཡིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས“ཉེ་བའི་ལོ་ཤས་རིང་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གིས་ནུས་རྒྱུ་ཕྱོགས་སྒྱུར་ལ་མཐོང་ཆེན་བྱས་ནས་སྲིད་ཇུས་མང་པོ་བཏོན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡོད། ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོར་སྔོན་ཐོན་གྱི་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཀྲུང་གོར་འཚམས་འདྲིར་ཡོང་སྐབས་བསྐྱར་སྐྱེས་ནུས་རྒྱུ་ཐོན་སྐྱེད་དང་འཚོ་བར་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པ་ངས་ཤེས་རྟོགས་བྱུང”ཞེས་བཤད། ཁོང་གིས“ཀྲུང་གོ་དང་མཉམ་ལས་བྱས་ན་ཧིན་རྡུ་ཉི་ཞི་ཡའི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་སྔར་བས་ལེགས་པ་ཐུབ་པ་དང་ནུས་རྒྱུ་ཕྱོགས་སྒྱུར་ཡོང་བར་རོགས་རམ་བྱེད་ཐུབ། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱིས་རྒྱལ་ཁབ་ཁག་ལ་མིག་དཔེ་བསྟན་པ་མ་ཟད། འཛམ་གླིང་ལ་གོ་སྐབས་ཀྱང་སྦྱིན་ཡོད། ཀྲུང་གོས་མུ་མཐུད་འབྲེལ་ཡོད་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་བཏོན་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།
(བསོད་བདེ་གཞོན་པས་བསྒྱུར། རིག་རྡོར་གྱིས་ཞུས)