ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བས། རྒྱལ་ཁབ་གཉིས་པོས་མཉམ་ལས་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་དང་ཁག་བྱས་པས་ཨེ་ཙེ་ཨོ་ཕི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
“ཨེ་ཙེ་ཨོ་ཕི་ཡར་ཨ་ཧྥེ་རི་ཁ་ཤར་མའི་མཁའ་འགྲུལ་ལྟེ་གནས་ཆེ་ཤོས་སྐྲུན་རོཌ་བྱས་པ”
ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་པུའུ་ཐོག་ཁང་ཆེ་མོའི་རྣམ་གྲངས་དེ་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས(ཀྲུང་གོ་ཨར་ལས)སྐྲུན་འགན་འཁུར་ཏེ་2023ལོའི་ཟླ་12པར་དངོས་སུ་ལས་འགོ་བཙུགས་པ་རེད། རྣམ་གྲངས་ལག་བསྟར་ཅིང་ལི་ཝང་ཕེང་གིས་རྣམ་གྲངས་ལ་ས་གནས་དེ་གའི་ལས་མི་ཁྱོན་500ལྷག་ཙམ་དང་། ཀྲུང་གོ་ཕྱོགས་ཀྱི་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ་20ལྷག་ཙམ་ཡོད་པ་དང་། སྔོན་དཔག་བྱས་ན་2026ལོའི་ཟླ་8པར་ལས་མཇུག་འགྲིལ་རྒྱུ་དང“རྣམ་གྲངས་དེ་བསྐྲུན་རྗེས་ཨེ་ཏི་སི་ཨ་པ་པ་གྲོང་ཁྱེར་གྱི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཏུ་འགྱུར་རྒྱུ་རེད”ཅེས་བརྗོད།
ལས་ཡུལ་དང་ཐག་མི་རིང་བའི་སར་གནས་པའི་དངུལ་མདོག་ལྕགས་སྒྲོམ་གྱི་གནམ་ཐང་འབབ་ཚུགས་དེ་དགུང་སྔོན་སྤྲིན་དཀར་འོག་ཏུ་དེ་བས་བཀྲག་མདངས་འཚེར། ནང་དུ་འཛུལ་སྐབས་འབྱོར་ས་དང་རྒྱལ་མཚམས་ནས་བྲལ་སའི་ཚོམས་ཆེན་དུ་མི་ཚོགས་མང་ཞིང་འདེགས་སྐྱོར་ཀ་བའི་ལྡེབས་སུ་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་ཁྱད་ཆོས་ལྡན་པའི་རི་མོ་བརྐོས་འདུག དེང་རབས་ཅན་གྱི་ཚད་གཞི་མཐོ་བའི་གནམ་ཐང་འབབ་ཚུགས་དེ་ནི་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས(ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན)སྐྲུན་འགན་འཁུར་བའི་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་འབབ་ཚུགས་གསར་པ་རེད་ལ། བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ཀྱི་ཆ་ཤས་ཤིག་ཀྱང་རེད།
“པོ་ལའེ་རྒྱལ་སྤྱིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་དུས་ཐེངས་དང་པོའི་རྣམ་གྲངས་ལེགས་གྲུབ་ཟིན་རྗེས། ང་ཚོས་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་དུས་ཐེངས་གཉིས་པ་གསུམ་པ་དང་། གནམ་གྲུ་འཇོག་ས་གསར་པ། གནམ་ཐང་འབབ་ཚུགས་ནང་ཁུལ་གྱི་གསོལ་མགྲོན་ཁང་། ཉམས་བཟོ་ཁང་སོགས་རྣམ་གྲངས་ཁག་10ལྷག་ཙམ་སྔ་རྗེས་སུ་སྐྲུན་འགན་འཁུར་ཡོད། རྣམ་གྲངས་ལེགས་གྲུབ་ཟིན་རྗེས་གནམ་ཐང་གི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དེ་སྔའི་མི་ཐེངས་ཁྲི་700ནས་མི་ཐེངས་ཁྲི་3000བར་མང་དུ་ཕྱིན་ཡོད” “གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་དུས་ཐེངས་གསུམ་པའི་རྣམ་གྲངས་ཚང་མ་ཉིན་ཤས་གོང་རྩིས་སྤྲད་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པས། ཨེ་ཙེ་ཨོ་ཕི་ཡས་ཨ་ཧྥེ་རི་ཁ་ཤར་མའི་མཁའ་འགྲུལ་ལྟེ་གནས་ཆེ་ཤོས་བསྐྲུན་པར་སྔར་བས་རམ་འདེགས་ཐུབ་རྒྱུ་རེད”ཅེས་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་གཞུང་ལམ་ལས་གྲྭ་ཅུས་དང་པོ་ཚོགས་པ་ཚད་ཡོད་ཀུང་སིའི་ཨ་ཧྥེ་རི་ཁ་ཤར་མའི་ས་ཁོངས་ཀྱི་ལྟེ་གནས་གནམ་ཐང་རྣམ་གྲངས་ཚོམ་བུའི་སྤྱི་ཁྱབ་ཅིང་ལི་ཐེན་ཀྲེན་ཁེ་ཡིས་ངོ་སྤྲོད་བྱས།
ཨེ་ཙེ་ཨོ་ཕི་ཡ་གསར་འགྱུར་ཁང་གི་གསར་འགོད་པ་ཅིར་མ·སྨིར་ཅི་སཱ་ཡིས་དེ་སྔོན་པོ་ལའེ་རྒྱལ་སྤྱིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལ་བཅར་འདྲི་ཐེངས་མང་བྱེད་མྱོང་ཡོད། ཁོང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར“པོ་ལའེ་རྒྱལ་སྤྱིའི་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ནི་ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་དབར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། ཨེ་ཅི་ལྕགས་ལམ་དང་དེ་བཞིན་གཞུང་ལམ་དང་། གློག་ཁང་། བཟོ་གྲྭའི་རྣམ་གྲངས་བཅས་མང་པོས་རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་མཚོན་གྱི་ཡོད”ཅེས་བརྗོད།
“ཞི་བདེའི་ལམ་བུ་དང་། འཕེལ་རྒྱས་ཀྱི་ལམ་བུ། རེ་བའི་ལམ་བུ”
ཨེ་ཅི་ལྕགས་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་752.7ཟིན་ཞིང་། དེས་ཨེ་ཏི་སི་ཨ་པ་པ་གྲོང་ཁྱེར་དང་ཅི་པོའུ་ཐིའི་རྒྱལ་ས་ཅི་པོའུ་ཐི་གྲོང་ཁྱེར་འབྲེལ་མཐུད་བྱས་ཡོད་པ་དང་། ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་གྱི་ཚད་ལྡན་གྱི་རྒྱལ་སྒྲོལ་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་པ་རེད།
ལྕགས་ལམ་འཛུགས་སྐྲུན་གྱི་ཐོག་མའི་དུས་སུ། ནུབ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་རྗེས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་དང་མཉམ་པའི་ཅི་པོའུ་ཐི་ནས་ཆ་སྙོམས་ས་བབ་མཐོ་ཚད་སྨི་2500ལྷག་ཙམ་ཟིན་པའི་ཨེ་ཙེ་ཨོ་ཕི་ཡའི་ས་མཐོའི་བར་དེང་རབས་གློག་རླངས་ཅན་གྱི་ལྕགས་ལམ་ཞིག་བསྐྲུན་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཀྲུང་གོའི་བཟོ་སྐྲུན་མི་སྣས་དཀའ་ཉེན་ལ་མི་འཛེམས་པར་བློ་བརྟན་འགྱུར་མེད་ངང་སྐྲུན་འགན་འཁུར་ཡོད། ཀྲུང་གོ་ཨར་ལས་དང་ཀྲུང་གོ་ལྕགས་ལམ་ཁོངས་གཏོགས་ཀྱི་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་བཟོ་བཀོད་པས་ལྕགས་ལམ་ཇུས་འགོད་ལམ་རྒྱུད་ཀྱི་ས་གཤིས་དང་ཆུ་དཔྱད་དཔྱད་ཡིག་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་ནས་ལག་རྩལ་གྱི་དཀའ་གནད་རེ་རེ་བཞིན་བསལ་ཡོད། 2014ལོའི་ཟླ་5པ་ནས་2015ལོའི་ཟླ་6པའི་བར་ཟླ་བ་13ལས་མ་འགོར་བར་ལྕགས་ལམ་ལམ་ཐིག་ཧྲིལ་པོ་བཏིང་ཚར་བ་རེད།
ཨེ་ཙེ་ཨོ་ཕི་ཡའི་གྲོས་ཁང་འོག་མའི་གྲོས་དཔོན་ཐ་ཀེ་སེ·ཆ་ཧྥུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཅི་ལྕགས་ལམ་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐུན་བྱས་པའི་ཚད་ཤིང་ཞིག་ཏུ་གྱུར་ནས“ཞི་བདེའི་ལམ་བུ་དང་། འཕེལ་རྒྱས་ཀྱི་ལམ་བུ། རེ་བའི་ལམ་བུ་བཅས་རེད”ཅེས་བརྗོད།
“ཀྲུང་གོས་ང་ཚོར་དོན་དམ་པའི་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད”
ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་པུའུ(དུས་ཐེངས་དང་པོ)ཡི་རྣམ་གྲངས་དེ་ཀྲུང་གོ་ཨར་ལས་ཚོགས་པས་སྐྲུན་འགན་འཁུར་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.36ཙམ་ཡོད་པའི་ནང་གཞུང་ལས་ཁང་གི་ཐོག་ཁང་གཙོ་བོའི་སྟར་པ་གཉིས་དང་ཚོད་ལྟའི་ཐོག་ཁང་སྟར་པ་གཉིས་ཚུད་ཡོད་པ་དང་། དེར་གཞུང་ལས་ཁང་སྲིད་འཛིན་ཁུལ་དང་། འཕྲལ་སྡོམ་དང་ལེན་ལྟེ་གནས། ཆ་འཕྲིན་ལྟེ་གནས། སྐྱེ་དངོས་ཚོད་ལྟ་ཁང་། རིགས་གཅིག་མཁས་ཅན་གྱི་ལས་ཤག་སོགས་བཀོད་སྒྲིག་བྱས་ཡོད། རྣམ་གྲངས་དེ་2020ལོའི་ཟླ་12པར་ལས་འགོ་བཙུགས་པ་དང་2023ལོའི་ལོ་སྟོད་དུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད།
“ཨ་ཧྥེ་རི་ཁའི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སྐྲུན་རོགས་བྱེད་མཁན་སྤྱི་ཁྱབ་པུའུ་ཡིས་ཨ་ཧྥེ་རི་ཁས་བསམ་བློ་གཏོང་སར་ཀྲུང་གོས་བསམ་བློ་གཏོང་བ་དང་ཨ་ཧྥེ་རི་ཁས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་ཀྱི་ཡོད། འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་པས། ཀྲུང་གོས་ང་ཚོར་དོན་དམ་པའི་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད”ཅེས་ཀྲུང་གོར་བཅའ་སྡོད་ཨེ་ཙེ་ཨོ་ཕི་ཡའི་གཞུང་ཚབ་ཆེ་མོ་བ་ཐ་ཧྥེ་ལཱ·ཏེ་པེ·དབྱི་མཱ་མུའུ་ཡིས་བརྗོད།
ཨེ་ཙེ་ཨོ་ཕི་ཡའི་ཙུང་ཐུང་ཟུར་པ་མུའུ་ལཱ་ཐུའུ·ཐེ་ཞའོ་མེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ཨེ་ཙེ་ཨོ་ཕི་ཡ་ཚུད་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་དཔལ་འབྱོར་མགྱོགས་མྱུར་འཕར་བར་སྣེ་ཁྲིད་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།
(འདི་ག་ཚགས་པར་ཁང་ཨེ་ཏི་སི་ཨ་པ་པ་ནས་འབྱོར་བའི་གློག་འཕྲིན)
(བསྟན་བློ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)