ཐོ་རེངས་ཆུ་ཚོད་5པར། སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་ལག་རྩལ་མཉམ་ལས་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་བཅུ་བཞི་པའི་ཙུའུ་ཀྲང་ལི་ཡིའུ་ལེང་ཞོགས་པ་སྔ་པོ་ནས་ལངས་ཏེ་ཉིན་དེའི་ལས་ཀའི་གྲ་སྒྲིག་བྱེད་བཞིན་མཆིས། ཉིན་དེར་ཁོང་གིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིའི་སྣེ་ཁྲིད་དེ་སི་ར་ལ་ཨོང་གི་རྒྱལ་ས་ཧྥུའུ་རི་ཐོན་གྲོང་འདབས་ཀྱི་ཨའོ་ཀུའུ་ཞིང་རར་བསྐྱོད་ནས་ས་གནས་དེ་གའི་ཞིང་དུད་ལ་ལག་རྩལ་གསོ་སྦྱོང་ཐེངས་གཉིས་བྱས་པ་རེད།
ལོ་གཅིག་ལྷག་ཙམ་གྱི་གོང་ལི་ཡིའུ་ལེང་གིས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྣེ་ཁྲིད་དེ་སི་ར་ལ་ཨོང་དུ་འབྱོར་རྗེས་འཕྲལ་མར་བརྟག་ཞིབ་རབ་དང་རིམ་པ་བྱས། ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ལ་དམིགས་ཏེ། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཞིང་ལས་ལག་རྩལ་གསོ་སྦྱོང་དང་ཞིང་ལས་ཐོན་ཁུངས་སྤུས་ལེགས་མཁོ་སྤྲོད་ཕྱོགས་གཉིས་ནས་འགོ་བཙུགས་ཏེ་2024ལོའི་ཟླ་དང་པོར་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཨའོ་ཀུའུ་ཞིང་རར་ཐོན་འབབ་མང་བའི་མ་རྨོས་ལོ་ཏོག་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས། གསོ་སྦྱོང་བྱ་ཡུལ་དུ་ས་གནས་དེ་གའི་སློབ་མ་ཚོས“མ་རྨོས་ལོ་ཏོག་སྡོང་རྐང་དབར་གྱི་བར་ཐག་ག་ཚོད་ཡོད་མེད”དང་། “ཁུང་བུ་གཅིག་ནང་སོན་རྡོག་གཉིས་རེ་བཏབ་ན་འགྲིག་མིན” “ལུད་རྒྱག་པའི་དུས་ཚོད་ཡག་ཤོས་ག་དུས་ཡིན་མིན”བཅས་གཅིག་རྗེས་གཉིས་མཐུད་ངང་དྲིས་པར་ཀྲུང་གོའི་རིགས་གཅིག་མཁས་ཅན་ཀྲུའུ་ལིན་གྱིས་རེ་རེ་བཞིན་ལན་ཞིབ་ཕྲ་བཏབ། “ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ལ་ཉན་པ་མཐོང་སྐབས་ངས་ཚད་ཡོད་ཀྱི་དུས་ཚོད་ནང་ས་གནས་དེ་གའི་ཞིང་པར་ལག་རྩལ་དང་ཉམས་མྱོང་དེ་བས་མང་བ་ཁྲིད་འདོད་ཀྱི་འདུན་པ་ཆེ་རུ་ཕྱིན་སོང་། ཁོང་ཚོས་སྦྱངས་པ་གོ་ཆོད་ཀྱིས་ཐོན་འཕར་འབབ་འཕར་ཐུབ་པ་བྱེད་ཀྱི་ཡིན”ཞེས་ལི་ཡིའུ་ལེང་གིས་བརྗོད། གསོ་སྦྱོང་མཇུག་འགྲིལ་རྗེས་ཨའོ་ཀུའུ་ཞིང་རའི་ཞིང་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲི་ཏི་ཧྥན·ཧྥ་ལ་ཡིས་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས“མ་རྨོས་ལོ་ཏོག་འདེབས་པའི་དུས་ཚིགས་འཆར་གྲབས་འདུག ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོས་ང་ཚོར་སྤུས་ལེགས་ཀྱི་མ་རྨོས་ལོ་ཏོག་གི་སོན་དང་ལུད་ཁྱེར་བ་མ་ཟད། ཚང་མར་འདེབས་འཛུགས་ལག་རྩལ་ཡང་བསླབས་བྱུང་། དེ་དག་ཚང་མ་ང་ཚོར་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་ཤ་སྟག་རེད”ཅེས་བརྗོད།
ལག་རྩལ་གྱི་ཚད་གཞི་ལྟར་ས་བོན་བཏབ་པ་དང་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་ཐེངས་མང་བྱས་པས་ས་གནས་དེ་གའི་མ་རྨོས་ལོ་ཏོག་ཐོན་འབབ་སྤྱི་ཆིང་རེར་ཏུན་6ནས་8བར་ཟིན་ཡོད། སི་ར་ལ་ཨོང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཆིང་དང་མཉམ་དུ་ཨའོ་ཀུའུ་ཞིང་རར་རྟོག་ཞིབ་བྱས་རྗེས་སི་ར་ལ་ཨོང་ཞིང་ལས་དང་འབྲུ་རིགས་བདེ་འཇགས་པུའི་པུའུ་ཀྲང་ཧེང་ལི·ཕ་ཁ་ཡིས་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱིས་ལག་རྩལ་ཐད་རྒྱབ་སྐྱོར་བྱས་ཏེ་སི་ར་ལ་ཨོང་གི་ཞིང་དུད་ཀྱི་ཐོན་འབབ་འཕར་རྒྱུར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་སི་ར་ལ་ཨོང་དུ་ཨའོ་ཀུའུ་ཞིང་རའི་དཔེ་སྟོན་འདེབས་འཛུགས་རྣམ་གྲངས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱབ་གདལ་བཏང་ནས་སི་ར་ལ་ཨོང་གི་དམངས་ཚོགས་དེ་བས་མང་པོར་ཕན་པ་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
མིག་སྔར་སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་ཞིང་ལས་ལག་རྩལ་མཉམ་ལས་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་ཐེངས་བཅུ་བཞི་པས་སི་ར་ལ་ཨོང་དུ་ལག་རྩལ་གསོ་སྦྱོང་ཐེངས་10ལྷག་ཙམ་བྱས་པར་མི་ཐེངས་300ལྷག་ཙམ་ཞུགས་ཡོད། རྣམ་གྲངས་ལག་བསྟར་བྱེད་པའི་ལོ་གསུམ་ནང་། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གར་ཀྲུང་གོའི་ཐོན་འབབ་མང་བའི་ཆུ་འབྲས་དང་མ་རྨོས་ལོ་ཏོག་འདེབས་འཛུགས་ལག་རྩལ་དཔེ་སྟོན་ཚོད་ལྟ་བྱས་ནས་ཐོན་འབབ་མང་བའི་ས་བོན་འདེམས་གསོ་བྱས་ཏེ་སི་ར་ལ་ཨོང་གི་འབྲུ་རིགས་ཐོན་འཕར་ལ་རོགས་རམ་དང་ཞིང་ལས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)