འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་2024ལོའི་ཟླ་4པ་ནས་བཟུང་། སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་ཟད་གྲོན་རྒྱུ་ཆའི་ཁུངས་འདེད་ཆ་འཕྲིན་འཚོལ་བསྡུའི་ལས་དོན་སྤེལ་ཞིང་། མིག་སྔའི་བར་ཁུངས་འདེད་ཨང་རྟགས་དུང་ཕྱུར་158.06ཟིན་པ་དང་། དམིགས་བཙུགས་སྨན་རྫས་སྒྲིག་གཞིའི(སྨན་ཁང་དང་སྨན་ཚོང་ས)འབྲེལ་མཐུད་གྲངས་འབོར་ཁྲི་88.09ཟིན་ནས་འབྲེལ་མཐུད་བྱེད་ཚད་94.7%ཟིན་ཡོད་པ་རེད།
སྨན་རྫས་ཁུངས་འདེད་ཨང་རྟགས་ནི་སྨན་རྫས་ཀྱི“གློག་རྡུལ་ཐོབ་ཐང་ལག་ཁྱེར”ཡིན་པ་དེ་རྒྱུན་དུ་ཨང་ཀི་དང་། ཡི་གེ མཚོན་རྟགས་བཅས་ལས་གྲུབ་ཡོད་པ་དང་། མཚོན་རྟགས་སྨན་རྫས་སྒམ་ཆུང་གི་མངོན་གསལ་ཆེ་སར་སྦྱར་ཡོད། དེ་ནི་སྨན་རྫས་སྒམ་ཆུང་རེ་རེ་ཐོན་སྐྱེད་དང་བཟོ་གྲྭ་ནས་ཐོན་སྐབས་ཀྱི་ཐོབ་ཐང་གི་མཚོན་རྟགས་འབའ་ཞིག་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་དུ་སྨན་བཅོས་འགན་བཅོལ་སྨན་རྫས་ཐོན་སྐྱེད་ཁེ་ལས་4300ལྷག་ཙམ་དང་། འཁོར་རྒྱུག་ཁེ་ལས་ཁྲི་1.1 དམིགས་བཙུགས་སྨན་རྫས་སྒྲིག་གཞི་ཁྲི་93བཅས་ཡོད་ལ། སྨན་བཅོས་འགན་བཅོལ་སྨན་རྫས་སྣ་ཁ་ཁྱོན་བསྡོམས་ཁྲི་24.7ཡོད་པ་རེད། སྨན་རྫས་སྒམ་ཆུང་གཅིག་ཐོན་སྐྱེད་ཁེ་ལས་ཀྱི་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པ་ནས་ནད་པའི་ལག་ཏུ་སླེབས་པའི་བར་ཆ་སྙོམས་འཁོར་རྒྱུག་གི་ལྷུ་ཚིགས་3ནས་5བར་བརྒྱུད་དགོས་ཀྱི་ཡོད། འཁོར་རྒྱུག་ལྷུ་ཚིགས་ཚང་མར་ཁུངས་འདེད་ཆ་འཕྲིན་བཀོད་ཡོད་ཅིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་སུ་ལོ་ལྟར་ཁུངས་འདེད་ཆ་འཕྲིན་བསྡོམས་འབོར་དུང་ཕྱུར་1800ནས་དུང་ཕྱུར་3000ཙམ་བར་ཟིན་གྱི་ཡོད།