ཉེ་ཆར། ཀོང་ཤིས་ཀུའེ་ལིན་གྱི་ཐང་རྒྱལ་རབས་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་དེ་ལས་བྲེལ་ཧ་ཅང་ཆེན་པོ་ཡོད་པ་རེད།
“ཚོགས་འདུར་ཤོག ཚོགས་འདུར་ཤོག”ཅེས་ཕྱིར་ཚོང་སྤྱི་ཁྱབ་ལྟ་ཞིབ་པ་དབྱང་ཤིན་གྱིས་ཀུན་ལ་འབོད་ཞོར་གོམ་ཞེང་ཆེན་པོས་ཚོགས་ཁང་དུ་བསྐྱོད་དེ། “ན་ནིང་ལོ་མཇུག་ཏུ། པུར་ཀ་རི་ཡ་དང་། རོ་མ་ནི་ཡ། ཁ་རེ་ཤེ་ཡ་སོགས་རྒྱལ་ཁབ་ཀྱི་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པས། དེ་རིང་ང་ཚོས་ཡོ་རོབ་ཤར་མའི་འགྲུལ་ཁུངས་ཇི་ལྟར་གསར་སྤེལ་བྱ་རྒྱུའི་སྐོར་ལ་གཙོ་གནད་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན”ཞེས་བཤད།
ཚོང་གཉེར་པུའུ་གཉིས་པའི་ཅིང་ལི་ཧྥེང་ཁྲུན་དབྱིན་གྱིས་ཀུང་སིས་གསར་དུ་བཏོན་པའི་གྲངས་གཞིའི་མ་ལག་ཁ་ཕྱེ་ནས“ཀྲུང་གོར་ཡུལ་སྐོར་ལ་ཡོང་མཁན་ཡོ་རོབ་ཤར་མའི་དགོས་མཁོ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་འདུག”ཅེས་གྲངས་གཞིའི་ཐོག་ནས་གསལ་བཤད་བྱས།
“ཡོ་རོབ་ཤར་མ་ནི་གསར་དར་ཁྲོམ་ར་ཞིག་ཡིན་པས། ལི་ཅང་གཙང་པོ་དང་དབྱང་ཧྲུའོ་ནུབ་ཁྲོམ་སོགས་ཡུལ་སྐོར་ལམ་ཐིག་རྩེ་གྲ་འདོན་དགོས”ཞེས་ཕྱིར་ཚོང་པུའུ་དང་པོའི་ཅིང་ལི་ལུའུ་ཅིང་རུང་གིས་གྲོས་འགོ་བཏོན།
“ད་ཆ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པར་སྡོད་པའི་དུས་ཡུན་རིང་དུ་བཏང་བར་ཡང་བསམ་གཞིགས་བྱེད་དགོས”“ཡུལ་སྐོར་བ་ཀུའེ་ལིན་དུ་སྡོད་པའི་དུས་ཡུན་རིང་དུ་གཏོང་གང་ཐུབ་བྱེད་དགོས”ཞེས་དབྱང་ཤིན་གྱིས་ཁ་གསབ་བྱས།
2024ལོ་ཚུན་དུ། རང་རྒྱལ་གྱིས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལ་ལེགས་བཅོས་ཐེངས་མང་བྱས་ཡོད། 2024ལོའི་ཟླ་11ཚེས་30ཉིན་ནས་བཟུང་། ཡོ་རོབ་ཤར་མའི་རྒྱལ་ཁབ་མང་པོ་ཚུད་པའི་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་38ཀྱི་ལམ་ཡིག་དཀྱུས་མ་ཁྱེར་བའི་མི་སྣ་ཀྲུང་གོར་ཡུལ་སྐོར་དུ་ཡོང་ཚེ་གལ་སྲིད་ཉིན་30ལས་མ་བརྒལ་ན་ཐོངས་མཆན་མེད་ཀྱང་རྒྱལ་ཁོངས་སུ་འཛུལ་ཆོག ཟླ་12ཚེས་17ཉིན་ནས་བཟུང་། རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་ཕྱི་རྒྱལ་བ་ཀྲུང་གོར་སྡོད་པའི་དུས་ཡུན་ཆུ་ཚོད་240བར་རིང་དུ་བཏང་ཡོད།
མཐོ་རིམ་ཅིང་ལི་ཝུའུ་རུང་གིས་རེའུ་མིག་ཅིག་བཏོན་ནས“གྲངས་གཞིའི་མ་ལག་གི་ཚོད་རྩིས་ལྟར་ན། ཡུལ་སྐོར་བའི་ཆ་སྙོམས་ཡུལ་སྐོར་དུས་ཡུན་ཉིན་8.7ནས་ཉིན་10ཡས་མས་སུ་འཕར་ཏེ་མི་རེའི་ཆ་སྙོམས་འགྲོ་སོང་ཡང་སྒོར་ཁྲི་1.4ནས་ཁྲི་1.8བར་འཕར་འདུག”ཅེས་བཤད།
“ང་རང་ཀུང་སིར་ཡོང་ནས་ལོ་18སོང་བ་དང་ཉེ་བའི་ལོ་གཉིས་ནང་ཡུལ་སྐོར་ལས་རིགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སོང” ཚོགས་ཁང་ནས་ཐོན་རྗེས། དབྱང་ཤིན་གྱིས་གསར་འགོད་པར། འགྲུལ་ཁུངས་ཐད། རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཁག་ནས་ཡོང་བའི་ཡུལ་སྐོར་བ་མང་དུ་སོང་སྟེ་ཁྱིམ་ཚང་ཡུལ་སྐོར་དང་། མངག་བཀོད་ཡུལ་སྐོར། ཚོགས་འགྲོགས་ཡུལ་སྐོར་སོགས་བྱེད་མཁན་མང་པོ་འདུག འདུ་ཤེས་ཐད་མཉམ་འགུལ་རྣམ་པ་དང་ཟབ་སྐྱོད་ཡུལ་སྐོར་ལ་ཚང་མའི་དགའ་བསུ་ཐོབ་ཀྱི་འདུག ཡུལ་སྐོར་བྱེད་སྟངས་ཐད་ཞིམ་ཟས་ཡུལ་སྐོར་དང་། ཞིབ་སློབ་ཡུལ་སྐོར། བཟོ་ལས་ཡུལ་སྐོར་བཅས་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་འདུག དམིགས་སའི་ཐད་ཀྲུང་གོའི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པས། “ཀྲུང་གོ+ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ”དང“ཀྲུང་གོ+ཨེ་ཤེ་ཡ་དབུས་མ”སོགས་ཀྱི་ཡུལ་སྐོར་ལམ་ཐིག་ཆགས་ཡོད་ཅེས་རང་གི་མྱོང་ཚོར་མཉམ་སྤྱོད་བྱས།
གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་1ནས་11བར། ཀུའེ་ལིན་གྱིས་རྒྱལ་ཁོངས་སུ་འཛུལ་ནས་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་86.89ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་285.35%འཕར་ཏེ། རྒྱལ་སྤྱིའི་ཡུལ་སྐོར་ཡོང་འབབ་ཨ་སྒོར་དུང་ཕྱུར་3.50བྱུང་བ་དེ་དུས་མཚུངས་ལས་287.59%འཕར་ཡོད་པ་རེད།
ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲོའུ་ཤའོ་ཀོང་གི་ངོས་ནས་བརྗོད་ན། 2024ལོ་ནི་ལས་བྲེལ་ཧ་ཅང་ཆེ་བའི་ལོ་ཞིག་ཡིན། “རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལེགས་སུ་རྒྱུན་ཆད་མེད་པར་བཏང་བས་ང་ཚོས་ཀྱང་ཧུར་བརྩོན་ཆེན་པོས་ཕྱིར་བསྐྱོད་ནས་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་དགོས” སྲིད་གཞུང་གིས་ལས་སྟེགས་བཙུགས་པར་བརྟེན་ནས་2024ལོའི་ཟླ་5པར་ཧྲའན་ཤིས་སུ“ཀྲུང་ཨའི་ཡུལ་སྐོར་མཐོ་རིམ་གླེང་མོལ་སྐབས་བཅུ་བཞི་པར”ཞུགས་པ་དང་། ཟླ་7པར་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ“འཛམ་གླིང་ཡུལ་སྐོར་མནའ་འབྲེལ·ཀྲུང་ཡོའི་ཡུལ་སྐོར་གླེང་མོལ”ལ་ཞུགས་པ། ཟླ་11པར་སླར་ཡང་ཧྲང་ཧའེ་རུ“2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས”ལ་ཞུགས་པ་ལ་སོགས“དམངས་གཉེར་ཁེ་ལས་འབྲིང་ཆུང་ཞིག་ཡིན་པའི་ཆ་ནས་འགྱུར་ལྡོག་གསར་པ་ལས་འགྲན་སློང་གསར་པ་འཕྲད་ཡོད་ལ། གོ་སྐབས་གསར་པའང་ཐོབ་པས། ང་ཚོས་བསྒྲུབ་དགོས་པ་ནི་བབ་བསྟུན་ཧུར་ཐག་བྱས་ནས་རང་འགུལ་བྱ་སྤྱོད་སྤེལ་རྒྱུ་དེ་ཡིན”ཞེས་ཀྲོའུ་ཤའོ་ཀོང་གིས་བཤད།
ཕྱོགས་གཞན་ཞིག་ནས་ལས་སྒོ་མགྱོགས་མྱུར་འཕར་བ་ལས་ཀྱང་ཀུང་སིའི་ལེ་ལག་ཚང་སྒྲིག་གི་ཞབས་ཞུའི་ནུས་པར་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པས། རང་འགུལ་ངང་ཟོམ་སྐྱོན་མེད་པ་དང་ཞན་ཆ་ལེགས་གཏོང་བྱས་ཐོག 2024ལོར་ལས་རིགས་ཀྱི་དགོས་མཁོ་ཤེས་རྟོགས་བྱས་ནས་མཉམ་ལས་ལས་སྒོར་ངོ་འཕྲད་གྲོས་མོལ་བྱས་པ་དང་། མིས་བཟོས་རིག་ནུས་ལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་བྱས་ནས་འགྲུལ་པའི་སྦྲག་ཡིག་ལ་ལན་བཏབ་པ། ཤེས་ལྡན་པ་གདན་ཞུ་བྱས་པས་ལས་མིའི་གྲངས་འབོར་2023ལོ་ལས་བཅུ་ཆ་ལྔ་འཕར་ཏེ་ལས་མི་210ཟིན་ཡོད། ཡུལ་སྐོར་ལས་དོན་ཁང་གི་ཡུལ་སྐོར་ལམ་ཐིག་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། མཁོ་སྤྲོད་འཁོར་འབྲེལ་དང་ཞབས་ཞུའི་ཆུ་ཚད་ཀྱང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)