《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月19日

2024ལོར་རང་རྒྱལ་གྱིས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་104.5ལ་དབང་ཆ་སྤྲད་པ།

ཁེ་བེད་བདག་ཐོབ་དེ་བས་མང་བ་ཚོད་ལྟ་ཁང་ནས་ཐོན་ལས་འཁོར་འབྲེལ་གྱི་ཕྱོགས་སུ་བསྐྱོད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀུའུ་ཡེ་ཁའེ།

● 2024ལོར། རང་རྒྱལ་གྱིས་བསྡོམས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་104.5ལ་དབང་ཆ་སྤྲད་པ་དེ་དུས་མཚུངས་ལས་13.5%འཕར་བ་དང་། ལོ་ཧྲིལ་པོར་ཚོང་རྟགས་ཁྲི་478.1ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་9.1%འཕར་བ། འདུས་གྲུབ་གློག་ལམ་གྱི་དཔེ་རིས་ཇུས་འགོད་ཐོ་འགོད་ལ་ལག་ཁྱེར་ཁྲི་1.1སྤྲད་པ་རེད།

● 2024ལོའི་ལོ་མཇུག་བར་རྒྱལ་ནང་དུ་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་ནུས་ལྡན་གྲངས་འབོར་ཁྲི་475.6ཟིན་ཡོད། དེའི་ནང་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་ཁྲི་197.8ཟིན་ནས་དུས་མཚུངས་ལས་18.8%འཕར་ཡོད།

ཟླ་1ཚེས་15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2024ལོའི་ཤེས་བྱའི་བདག་དབང་ལས་དོན་གྱི་འཕེལ་རིམ་ངོ་སྤྲོད་བྱས་ཤིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཝུན་ཧུའེ་ཡིས། 2024ལོར་རང་རྒྱལ་གྱིས་བསྡོམས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་104.5ལ་དབང་ཆ་སྤྲད་པ་དེ་དུས་མཚུངས་ལས་13.5%འཕར་བ་དང་། ལོ་ཧྲིལ་པོར་ཚོང་རྟགས་ཁྲི་478.1ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་9.1%འཕར་བ། འདུས་གྲུབ་གློག་ལམ་གྱི་དཔེ་རིས་ཇུས་འགོད་ཐོ་འགོད་ལ་ལག་ཁྱེར་ཁྲི་1.1སྤྲད་པ་རེད་ཅེས་ངོ་སྤྲོད་བྱས།

2024ལོའི་ལོ་མཇུག་བར་རྒྱལ་ནང་དུ་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཀྱི་ནུས་ལྡན་གྲངས་འབོར་ཁྲི་475.6ཟིན་ཡོད། དེའི་ནང་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་ཁྲི་197.8ཟིན་ནས་དུས་མཚུངས་ལས་18.8%འཕར་ཡོད། མི་འབོར་ཁྲི་རེར་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་14ཟིན་པས། “ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”ཀྱི་སྔོན་དཔག་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་རེད། རྒྱལ་ནང་དུ་ནུས་ལྡན་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ལྡན་པའི་ཁེ་ལས་ཁྲི་49.7ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་ཁྲི་6.9མང་དུ་ཕྱིན་ཡོད།

2024ལོར་རང་རྒྱལ་གྱི་རེ་འདུན་ཞུ་མཁན་གྱིས་ཕུལ་བའི་PCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་དང་། ཧའེ་ཡཱ་མ་ལག་གི་ཕྱི་དབྱིབས་ཇུས་འགོད་རེ་ཞུ། མ་ཏེ་རིའི་ཚོང་རྟགས་ཀྱི་རྒྱལ་སྤྱིའི་ཐོ་འགོད་རེ་ཞུ་བཅས་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་བརྟན་པོར་གནས་ཡོད། དེའི་ནང་ཧའེ་ཡཱའི་གྲོས་ཆོད་བརྒྱུད་ཕྱི་དབྱིབས་ཇུས་འགོད་ཀྱི་རྒྱལ་སྤྱིའི་རེ་ཞུ་ཁག་4868ཕུལ་བ་དེ་དུས་མཚུངས་ལས་29.5%འཕར་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད། ཧུའུ་ཝུན་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་རིན་ཐང་མཐོ་བའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲོད་ཁྲི་13ལ་དུས་མཚུངས་ཕྱི་རྒྱལ་དུ་དབང་ཆ་ཐོབ་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད”ཀྱི་དུས་མཇུག་དང་བསྡུར་ན་ལྡབ་གཅིག་ཙམ་འཕར་ཡོད། གསར་གཏོད་བྱེད་པོ་ཁྲི་1.6དང་འབྲེལ་བ་ཡོད་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད”ཀྱི་དུས་མཇུག་དང་བསྡུར་ན་6700ལྷག་ཙམ་འཕར་ཡོད་པས། གསར་གཏོད་བྱེད་པོ་དེ་བས་མང་བས་ཤེས་བྱའི་བདག་དབང་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ཏེ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད།

ཁེ་བེད་བདག་ཐོབ་དེ་བས་མང་བ“ཚོད་ལྟ་ཁང”ནས“ཐོན་ལས་འཁོར་འབྲེལ”གྱི་ཕྱོགས་སུ་བསྐྱོད་ཅིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཤེས་བྱའི་བདག་དབང་བེད་སྤྱོད་སྐུལ་སྤེལ་སིའི་སི་ཀྲང་ཝང་ཕེ་ཀྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁེ་བེད་བདག་ཐོབ་ཕྱོགས་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིས་གསོག་ཉར་བྱས་པའི་ཁེ་བེད་བདག་ཐོབ་ཁྲི་134.9ལ་གྲངས་བཤེར་བྱས་ཏེ། ཁེ་ལས་ཁྲི་45སྒྲིག་འཛུགས་བྱས་ནས་གནད་ལ་འཁེལ་བའི་སྦྲེལ་མཐུད་དང་སྙོམ་སྒྲིག་བྱས་པ་རེད། ཁེ་བེད་བདག་ཐོབ་ཀྱི་ཐོན་ལས་ཅན་གྱིས་ཁེ་ལས་འབྲིང་ཆུང་འཚར་ལོངས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་དང་ཁེ་བེད་བདག་ཐོབ་འདུས་ཆེའི་ཐོན་རྫས་ངོས་འཛིན་སོགས་ཀྱི་ལས་དོན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་བས་ཕན་འབྲས་བཟང་པོ་ཐོན་ཡོད།

2024ལོའི་ལོ་མཇུག་བར། རང་རྒྱལ་གྱི་རྒྱལ་ནང་ཁེ་ལས་ལ་ནུས་ལྡན་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་350ལས་བརྒལ་ནས་རྒྱལ་ནང་གི་ནུས་ལྡན་གསར་གཏོད་ཁེ་བེད་བདག་ཐོབ་བསྡོམས་འབོར་གྱི་73.7%བཟུང་སྟེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.6འཕར་ཡོད། རྒྱལ་ནང་ཁེ་ལས་ཀྱི་ནུས་ལྡན་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་ལོ་5བསྟུད་མར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས། 2024ལོར་ཁེ་ལས་ཀྱི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་ཚད་53.3%ཟིན་ཏེ་གསར་གཏོད་ཀྱི་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་མགྱོགས་མྱུར་བསྒྱུར་ཡོད།

(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)