ཀྲུང་ཙན་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་ཞིག་ཡིན་པའི་ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་ནི་ལོ་40ལྷག་ཙམ་རིང་ཙན་པི་ཡའི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་ཆེ་ཤོས་དེ་ཡིན། ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མཱ་ཡིས“ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་ནི་ཙན་ཀྲུང་མཛའ་གྲོགས་ཀྱི་དཔེ་མཚོན་གསར་ཤོས་ཡིན། སྤྱིར་བཏང་མིན་པའི་རྣམ་གྲངས་འདིས་ཙན་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་བརྗོད།
རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་སྤྲོད་40%ཙམ་མཐོ་རུ་བཏང་བ།
ཙན་པི་ཡའི་མངའ་ཁོངས་སུ་ཆུ་བོ་མང་པོ་ཡོད་པ་དང་ཆུ་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཆུ་གློག་ཐོན་ལས་ལ་མ་འཇོག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མི་འདང་བའི་དབང་གིས་ཙན་པི་ཡའི་རྒྱལ་ཡོངས་སུ་གྲོང་ཁྱེར་གྱི་མི་འབོར་25%ཙམ་དང་གྲོང་གསེབ་ཀྱི་མི་འབོར་3%ཙམ་ཁོ་ནར་མ་གཏོགས་གློག་ཤུགས་མཁོ་སྤྲོད་བརྟན་པོ་ཐུབ་ཀྱི་མེད་པས་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཤུགས་ཆེན་ཕོག་ཡོད།
ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་ནི་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས(གཤམ་དུ“ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན”ཞེས་བསྡུ་རྒྱུ)བསྐྲུན་འགན་འཁུར་བ་དང་། སྒྲིག་སྦྱོར་ཨ་མ་ནས་གློག་འདོན་ཚད་ཀྲའོ་ཝ་750ཟིན་ཡོད། 2021ལོའི་ཟླ་6པར། ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ཐོག་མ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཡོད། 2023ལོའི་ཟླ་3པར། ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་5ཚང་མས་དྲ་སྦྲེལ་གློག་གཏོང་ཐུབ་པ་བྱུང་ཡོད། 2024ལོའི་ཟླ་12པའི་ཟླ་མཇུག་བར། ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་གིས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་105ལྷག་ཙམ་ཟིན་ནས་ཙན་པི་ཡ་དང་དེ་བཞིན་ཨ་ཧྥེ་རི་ཁ་ལྷོ་མའི་གློག་དྲ་ནས་གློག་གཏོང་མཚམས་ཆད་མེད།
“ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་གིས་ཙན་པི་ཡའི་གློག་དྲའི་རྩེ་སྙོམས་དང་འགུལ་ཚད་ལེགས་སྒྲིག་གི་ནུས་པ་བཏོན་ནས་རྒྱལ་ཡོངས་ཀྱི་གློག་ཤུགས་ཡུན་རིང་དཀོན་པའི་གནས་ཚུལ་ཞི་ལྷོད་དུ་ཤུགས་ཆེན་བཏང་ཡོད། ཆུ་ཤུགས་གློག་ཁང་བསྐྲུན་པ་དང་གཉེར་སྐྱོང་བྱས་པ་དེས་ཙན་པི་ཡའི་རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་སྤྲོད་40%ཙམ་མཐོ་རུ་ཕྱིན་ཡོད”ཅེས་ཙན་པི་ཡའི་རྒྱལ་ཁབ་གློག་ཤུགས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝེ་ཁི་ཏུའུ·མཱ་པཱ་ཉི་ཡིས་བརྗོད།
ལས་ཞུགས་ལས་གནས་ཁྲི་1.5ཙམ་བཏོད་པ།
མུའུ་ཐང་ཅཱ་ཆུང་དུས་ནས་རྣམ་གྲངས་གནས་སའི་ཁཱ་ཕུའུ་ཨའེ་གྲོང་རྡལ་དུ་འཚར་ལོངས་བྱུང་ཞིང་། མིག་མདུན་གྱི་ཆུ་རགས་ལ་ལྟ་བཞིན་ཁོང་གིས“ཀྲུང་གོའི་ཁེ་ལས་ཀྱིས་ལམ་བཟོ་བ་དང་། ཆུ་རགས་རྒྱག་པ། བཟོ་གྲྭ་སྐྲུན་པ་བཅས་ལ་རོགས་རམ་བྱེད་བཞིན་ཡོད། ངས་འདི་གར་བྱུང་བའི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་རེ་རེ་ལ་བདེན་དཔང་བྱས་ཡོད”ཅེས་སེམས་འགུལ་ཆེན་པོས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་སྐྲུན་རིང་ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་1.5ཙམ་བཏོད་དེ་ཡུལ་དེ་གའི་འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་དང་། ཚོང་དོན་ལས་རིགས། སྐྱེལ་འདྲེན་ལས་རིགས། གཏེར་འདོན་ལས་རིགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། ཁཱ་ཕན་ཏཱ་ཡིས“ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོའི་རྒྱལ་ཁབ་ལ་ལོ་མང་རིང་གི་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ་དང་ཙན་པི་ཡ་བ་མང་པོ་ཞིག་ལ་ལས་ཞུགས་གོ་སྐབས་མཁོ་འདོན་བྱས་པ། ཡུལ་དེ་གའི་གྲོང་མིའི་ཡོང་འབབ་མང་དུ་བཏང་སྟེ་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།
“རྣམ་གྲངས་དེས་ད་དུང་གསོ་སྦྱོང་སློབ་གྲྭ་བཙུགས་ནས་ས་གནས་དེ་གའི་དོ་དམ་དང་ལག་རྩལ་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱེད་རོགས་བྱས་ཡོད། མིག་སྔའི་བར་རྣམ་གྲངས་དེས་མཐོ་རིམ་ལག་རྩལ་བ་322གསོ་སྐྱོང་བྱས་པའི་ནང་སློབ་མ་31ལ་རྒྱལ་སྤྱིའི་ཚ་ལའི་ལས་གཉེར་ཐོབ་ཐང་ལག་ཁྱེར་ཐོབ་པ་དང་། སློབ་མ་81ལ་རྒྱལ་ཁབ་ཀྱི་ལས་གཉེར་ཐོབ་ཐང་ལག་ཁྱེར་ཐོབ་པ། ཕུལ་བྱུང་སློབ་མ་5ཀྲུང་གོའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པར་བདམས་ནས་སྦྱངས་འབྲས་ལེགས་ཐོན་གྱི་དངུལ་ཆ་ཚང་ཐོབ་ཡོད”ཅེས་ཙན་པི་ཡའི་གློག་ཤུགས་ལག་རྩལ་ཆེ་མོ་བ་ཅི་ཧྥུའུ་ཐེ·ཁཱ་ཕན་ཏཱ་ཡིས་ངོ་སྤྲོད་བྱས།
ས་གནས་དེ་གའི་སྲིད་གཞུང་གིས་གློག་ཁང་ལ་བརྟེན་ནས་གྲོང་རྡལ་ཆུང་ངུ་གསར་པ་བསྐྲུན་པ།
ཁྲ་སང་ཐཱ་སློབ་འབྲིང་རི་ཚོགས་ཁྲོད་དུ་གནས་ཡོད། 2023ལོའི་ཟླ་11པར། སློབ་འབྲིང་དེ་ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱི་ལེ་ལག་སྒྲིག་བཀོད་དུ་བརྩིས་ནས་ས་གནས་དེ་གའི་སྲིད་གཞུང་ལ་སྤྲད་པ་རེད།
རྩིས་འཁོར་དང་། ཚན་རིག་ཚོད་ལྟ་ཁང་། སྒྱུ་རྩལ་དང་ཁྱིམ་ཚང་སློབ་ཁྲིད་ཁང་། ལྕགས་རིགས་དང་ཤིང་བཟོའི་འཁོར་ཁང་། དཔེ་མཛོད་ཁང་། ནུས་མང་ཁང་། ཐོག་བརྩེགས་ཉལ་ཁང་ལ་སོགས་ཁྲ་སང་ཐཱ་སློབ་འབྲིང་གི་བྱེད་ནུས་ཆ་ཚང་བས་སློབ་མ་500ཡི་སློབ་གྲྭར་འགྲོ་བའི་དགོས་མཁོ་སྐོང་ཐུབ།
ཞ་ཁའེ་ཕུའུ་ཞ་ཆུ་ཤུགས་གློག་ཁང་ལ་བརྟེན་ནས་ས་གནས་དེ་གའི་སྲིད་གཞུང་གིས་མི་འབོར་5000ཙམ་གྱི་གྲོང་རྡལ་ཆུང་ངུ་ཞིག་འཆར་འགོད་འཛུགས་སྐྲུན་བྱས་ཤིང་། སློབ་གྲྭ་ཕུད་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་གྱིས་ད་དུང་ཆུ་ཤུགས་གློག་ཁང་གི་ལས་བཟོའི་སྡོད་ཁང་དང་འགྲོ་ལམ་སོགས་ལེ་ལག་ཆ་ཚང་དུ་བཏང་བ་མ་ཟད། ཡུལ་མིར་ཁྲོན་པ་བྲུས་པ་དང་། ལམ་བཟོ་བ། ཟམ་པ་རྒྱག་པ་བཅས་བྱས་ཡོད།
རྣམ་གྲངས་ཚོགས་ཆུང་དང་མཉམ་དུ་མུའུ་ཐང་ཅཱ་ཡིས་ལོ་ཤས་རིང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་གྱིས་ཙན་པི་ཡར་བསྐྲུན་འགན་འཁུར་བའི་རྣམ་གྲངས་ཁག་ནང་ཞུགས་ཡོད། མུའུ་ཐང་ཅཱ་ཡིས“ཀྲུང་གོའི་རོགས་རམ་འོག་ལོ་ཤས་རིང་ཙན་པི་ཡའི་གནམ་ཐང་དང་། གཞུང་ལམ། ཆུ་ཤུགས་གློག་ཁང་སོགས་རྨང་གཞིའི་སྒྲིག་བཀོད་སྔར་བས་ལེགས་སུ་ཕྱིན་པ་དང་ང་ཚོའི་འཚོ་བ་ཡང་སྔར་བས་སྟབས་བདེ་རུ་ཕྱིན་ཡོད”ད་ཆ་ཁཱ་ཕན་ཏཱའི་ཕྲུ་གུ་གསུམ་ལུའུ་སཱ་ཁའི་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་ནང་མི་ཚང་མ་ཡང་ཁང་པ་གསར་པའི་ནང་སྤོས་ཡོད། ཁཱ་ཕན་ཏཱ་ཡིས“ཙན་ཀྲུང་གིས‘རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་ཀྱིས་ང་ཚོའི་ཁྱིམ་ཚང་གི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་སོང་། དེ་ལས་ང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བརྗོད།