《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月18日

གནས་སྤོས་ཡུལ་མི་དོ་དམ་ལས་དོན་གྱི་གྲངས་གཞི་གཙོ་བོ་ཁྱབ་བསྒྲགས་བྱས་པ།

2024ལོར་རྒྱལ་མཚམས་འཛུལ་སྒྲོལ་མི་སྣའི་གྲངས་འབོར་དུས་མཚུངས་ལས་43.9%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2024ལོའི་གནས་སྤོས་ཡུལ་མི་དོ་དམ་ལས་དོན་གྱི་གྲངས་གཞི་གཙོ་བོ་ཁྱབ་བསྒྲགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་གནས་སྤོས་དོ་དམ་སྒྲིག་གཞིས་2024ལོར་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་6.1ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་43.9%འཕར་ཡོད། རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ཐེངས་ཁྲི་3256.6(མེ་འཁོར་དང་། གྲུ་གཟིངས། རླངས་འཁོར)ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་38.8%འཕར་ཡོད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1.3ལ་ཞིབ་བཤེར་སོགས་སྲིད་དོན་ཞབས་ཞུ་མཁོ་འདོན་བྱས་པ་དང་། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་སྒྲིག་གཞིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་12367གྱིས་ཀྲུང་གོ་དང་ཕྱི་རྒྱལ་བའི་བློ་འདྲི་དང་བསམ་འཆར་དང་གྲོས་འགོ་སོགས་ཀྱི་ཁ་པར་ཁྲི་708.41བདག་སྤྲོད་བྱས་པར་ཆ་སྙོམས་བློ་ཡིད་ཚིམ་ཚད་99.36%ཟིན་ཡོད་པ་རེད།

2024ལོར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཆུ་ཚད་སྔར་བས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། གནས་སྤོས་ཡུལ་མི་དོ་དམ་གྱི་སྒྱུར་བཅོས་དང་སྲིད་ཇུས་ལམ་ལུགས་གསར་གཏོད་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། འགག་སྒོའི་ཐོངས་མཆན་དང་། རྒྱལ་མཚམས་འཛུལ་སྒྲོལ་ལ་ཐོངས་མཆན་མི་དགོས་པ། ས་ཁོངས་རང་བཞིན་གྱི་རྒྱལ་མཚམས་ལ་འཛུལ་བར་ཐོངས་མཆན་མི་དགོས་པ་སོགས་ཀྱི་སྲིད་ཇུས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་།“ལག་ཁྱེར་སྟོན་མི་དགོས་པའི”བགྲོད་ལམ་ཚོད་ལྟ་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་བའི་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ལོ་ཧྲིལ་པོར་ཕྱི་རྒྱལ་བར་ཐོངས་མཆན་དང་ལག་ཁྱེར་ཐེངས་ཁྲི་259.7སྤྲད་པ་དེ་དུས་མཚུངས་ལས་52.3%འཕར་ཡོད། ཀྲུང་གོར་སྡོད་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་7.2ལ་ཐག་ཉེ་ས་ནས་ཐོངས་མཆན་ནར་འགྱངས་དང་བརྗེས་སྤྲོད་དང་བསྐྱར་སྤྲོད་བྱེད་པའི་སྟབས་བདེ་མཁོ་འདོན་བྱས་ཏེ། ཕྱི་རྒྱལ་བ་ཀྲུང་གོར་ཡོང་བའི་གྲངས་འབོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་ཡོང་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་2011.5ཟིན་པ་དེ་དུས་མཚུངས་ལས་112.3%འཕར་ཡོད་པ་རེད།

(བདེ་དབང་གིས་བསྒྱུར། ཉི་དོན་གྱིས་ཞུས)