《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月18日

རྩིས་ཐོ་གཉིས་ལས་དམངས་ཀྱི་འཚོ་བ་མངོན།

འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཧུང་ཤིན།

ཧོ་ནན་ཡུས་ཁྲེང་རྫོང་ཏུའུ་ཅི་གྲོང་རྡལ་ཤང་དབྱང་གྲོང་ཚོ་ནས་རྩིས་ཐོ་གཉིས་མཐོང་བ་ལས་གསར་འགོད་པར་མྱོང་ཚོར་ཟབ་མོ་བྱུང་།

རྩིས་ཐོ་གཅིག་ནི་ཡུལ་མི་དབྱང་ཡུང་ཧྥ་ཡི་ཁྱིམ་གྱི་རྩིས་ཐོ་རེད།

དབྱང་ཡུང་ཧྥ་ཡི་ཁྱིམ་དུ་ཐོག་མར་སྐྱོད་སྐབས་ཁོང་བསྡད་མེད། ཁོང་ནི་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་དབུལ་སྐྱོར་འཁོར་ཁང་ལ་དུས་བཀག་བཞིན“མངགས་ཐོ”སྒྲུབ་པར་ཕྱིན་འདུག

2017ལོར་འཁོར་ཁང་དེ་བཙུགས་ནས་འབོལ་ཁྲི་བཟོ་གི་ཡོད། ཉེ་བའི་ལོ་འདི་དག་རིང་། ལས་ཀ་མང་དུ་ཕྱིན་ནས་ཚོང་ཡག་ཏུ་སོང་བ་དང་གཞི་ཁྱོན་ཡང་ཆེ་རུ་སོང་ནས་གྲོང་ཚོའི་ལྷོ་ངོས་ལ་བཟོ་གྲྭ་གསར་པ་ཞིག་བཙུགས་ཡོད།

དབྱང་ཡུང་ཧྥ་ཡི་ཁྱིམ་ལ་ཐོ་ཕྲུག་ཅིག་ཡོད། ཞིང་བྲེལ་སྐབས་ཟླ་བ་གཅིག་གཉིས་ལས་ཀ་བྱས་པ་ལས་ཡོང་སྒོ་མི་དམན་པ་ཡོད།

གྲོང་རྡལ་གྱི་ཚོང་འདུས་ལ་ཁོང་གིས་འཁོར་གསུམ་རྐང་འཁོར་བཏང་ནས་ཤ་འཚོང་བར་ཟླ་བ་གཅིག་ལ་སྒོར་2000ལྷག་ཙམ་རག་གི་ཡོད།

ད་དུང་དབྱང་ཡུང་ཧྥ་ཡི་ཁྱིམ་དང་། ཁོང་གི་བུའི་ཁྱིམ། གཅུང་པོའི་ཁྱིམ། ཨ་མའི་ཁྱིམ་བཅས་ཀྱི་ཞིང་ཁ་ཚང་མ་དབྱང་ཡུང་ཧྥ་ཡིས་འདེབས་ཀྱི་ཡོད། ས་ཞིང་མུའུ་10ལྷག་ཙམ་ཡོད་པ་དག་ལ་ཆར་ཆུ་ཡག་པོ་ཡོད་དུས་ཡོང་འབབ་མི་ཉུང་བ་རག་གི་ཡོད།

ཁྱིམ་གྱི་རྩིས་ཐོ་ལས། འབབ་འཕར་གྱི་ཐབས་ལམ་ཡངས་པ་མངོན་ཐུབ་པ་སྟེ། ཞིང་ས་གཤིན་པོར་འབྲུ་རིགས་འདེབས་རྒྱུ་ཡོད་པ་དང་། གྲོང་གསེབ་ཀྱི་ཐོན་ལས་ཡོད་པ། ཐག་ཉེ་སར་ལས་ཞུགས་ཐུབ་པ། ཚོང་འདུས་ལ་ཚོང་ཙག་ཙིག་རྒྱག་པ་བཅས་མངོན་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་སེར་གྱི་བདེ་སྐྱིད་འཚོ་བ་ནི་དཀའ་སྤྱད་འབད་བརྩོན་ལས་བྱུང་བ་ཞིག་རེད”ཅེས་གསུངས་གནང་བས། འཚོ་བར་རེ་སྒུག་དང་། དམིགས་ཡུལ། ཕན་འབྲས་ཡོད་པ་བཅས་ཀྱི་འགག་རྩ་ནི་གཞི་རིམ་གྱིས་དངོས་སྒྲུབ་དང་མང་ཚོགས་ཀྱིས་ཧུར་ཐག་འབད་ཐག་བྱེད་པར་ཐུག་ཡོད།

ཡུལ་མི་དབྱང་ཡུང་ཧྥ་ཡིས་རང་ཁྱིམ་ལ་རྩིས་དེ་ལྟར་བརྒྱབ་པ་དང་སྦྲགས། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དབྱང་མན་དབྱི་ཡིས་ཀྱང་གྲོང་ཚོར་རྩིས་ཆེན་པོ་ཞིག་བརྒྱབ་ཡོད།

མང་ཚོགས་ལ་བྱ་བ་དངོས་དང་། བྱ་བཟང་། དོན་དག་བཅས་བསྒྲུབས་པར་རྨང་གཞི་མེད་ཚེ་ཡོང་ཐབས་བྲལ་བས་འགྲོ་སོང་དེ་དག་གང་ནས་བྱུང་བ་རེད་དམ་ཞེ་ན།

དབྱང་མན་དབྱི་ཡིས་ལམ་དུ་འགྲོ་གིན་རྩིས་རེ་རེ་བཞིན་བརྒྱབ་པ་སྟེ། 2024ལོར་ཆན་ཝ་300ཟིན་པའི་འོད་ཤུགས་གློག་ཁང་ནས་གློག་རིན་སྒོར་ཁྲི་15བྱུང་བ་དང་། སྨི་རྒྱ་དཔངས་ངོས་གྲུ་510ཟིན་པའི་དབུལ་སྐྱོར་འཁོར་ཁང་བོགས་མར་བཏང་བ་ལས་སྒོར་ཁྲི་1བྱུང་བ། སྤྱི་ཕན་ཞལ་འདེབས་ནས་སྒོར་ཁྲི་1.2ལྷག་ཙམ་བྱུང་བ། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པ་ལས་ཁ་གསབ་སྒོར་9000བཅས་བྱུང་ཡོད།

དུས་རབས་གསར་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ་ལས། འོད་ཤུགས་ཀྱིས་འཕེལ་རྒྱས་ཀྱི་ལམ་བུར་འོད་སྣང་སྦྱིན་ཡོད་ལ། འཁོར་ཁང་ཁྱིམ་གྱི་སྒོ་རྩར་བརྒྱབ་པས། སྔོན་མའི་དབུལ་ཕོངས་གྲོང་ཚོ་དེ་མིང་དོན་མཚུངས་པའི“ཉི་གཏད”གྲོང་ཚོར་གྱུར།

“ད་དུང་མུའུ་100ཡས་མས་ཀྱི་སར་ཁམ་བུ་བཏབ”པ་དང་། “ཞིང་ཆེན་གྱི་སྐར་ལྔའི་ཀྲི་པུའུ་ལ་བདམས་པ་ལས་བྱ་དགའི་དངུལ་སྒོར་ཁྲི་ཁ་ཤས་བྱུང” “དེ་ལྟར་བརྩིས་ཚེ། ལོ་གཅིག་ནང་མཉམ་སྡེབ་ཡོང་སྒོ་སྒོར་ཁྲི་20ལྷག་ཙམ་ཟིན” གྲོང་ཚོའི“ཤའོ་ཧྲན་ཟ་ཁང”མདུན་གྱི་ཐང་ཆེན་ཆུང་ངུར་སླེབས་སྐབས། ལས་བྱེད་པ་དང་ཡུལ་མི་འགའ་ཕན་ཚུན“ཁྱིམ་ཚང་གི་ཡོང་འབབ”སྐོར་ཤོད་བཞིན་འདུག

ཡོང་འབབ་གང་དུ་སྤྱོད་པའི་ཐད། ཁོང་ཚོས་ཁང་པའི་ཕྱིར་རྩིས་བརྒྱབ་ཅིང་། 2024ལོར་ལས་ཀ་གང་བྱས་ཡོད་པ་གསལ་ལེར་མངོན་པ་སྟེ།

སྒོར་2536བཏང་ནས་ཞིང་འཕྲུལ་དང་འཕྲུལ་གློག་ཁྲོན་པ་བཟོས་པས། མི་སེར་གྱིས་ཞིང་ཆུ་གཏོང་རྒྱུར་སེམས་ཁྲལ་མེད་པར་གྱུར།

སྒོར་18600བཏང་ནས་གྲོང་ཚོའི་ཁང་པ་དང་། འཕྲོད་བསྟེན་ཁང་སྒྱུར་བཀོད་བྱས་པས། འཕྲོད་བསྟེན་ཁང་དུ་སྨན་ཁབ་རྒྱག་ས་ཡོད་ལ་ནད་ཁྲི་ཡང་ཡོད།

སྒོར་16990བཏང་ནས་ས་དོང་དང་ཆུ་རྫིང་ལ་ལྕགས་དྲ་བསྐོར་བས། ཆུར་མི་ལྷུང་བའི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་ཡོད།

གྲོང་ཚོའི་སྤྱི་ཕན་གཙང་སྦྲའི་རུ་ཁག་བཙུགས་ནས་གད་པར་ལོ་ཕྱེད་ལ་ཁ་གསབ་དངུལ་སྒོར་9000སྤྲད་པ་དང་། ལས་རེས་རེའུ་མིག་གསལ་པོར་བཀོད་པ།

སྒོར་12600བཏང་ནས་འཕྲོད་བསྟེན་ཁང་གི་སྒོ་ར་དང་། ས་དོང་དང་ཆུ་རྫིང་གི་འགྲམ་དུ་བསིལ་ཁང་བརྒྱབ་པ།

འགྲོ་གྲོན་ཆེ་ཆུང་དེ་དག་སྤྱི་པའི་སྒྲིག་བཀོད་ལེགས་བཅོས་དང་། འཚོ་བའི་ཞབས་ཞུ་འགན་ལེན་ལ་བཏང་བ་དང་། གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བར་སྤྱད་པས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་ཕྱིན་ཡོད།

ལོ་10ལྷག་ཙམ་གོང་། གྲོང་ཚོའི་མཉམ་སྡེབ་ལ་སྤྱིའི་ཆ་ནས་ཡོང་འབབ་མེད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་བ་ནས་བཟུང་། འོད་ཤུགས་གློག་ཁང་བརྒྱབ་པ་དང་། ཁེ་ལས་ནང་འདྲེན་བྱས་པས་གྲོང་ཚོར་ཡོང་འབབ་བྱུང་བ་མ་ཟད། ལམ་སྒྲོན་བསྒར་བ་དང་། ཁང་པ་རྙིང་པ་ཉམས་བཟོ། དཀའ་ངལ་ཡོད་པའི་མང་ཚོགས་ལ་མཁོ་ཆས་ཉོ་བ་སོགས་སྔོན་མ་དངུལ་ཉུང་ཉུང་བཏང་སྟེ་སྤྱོད་པ་དང་དོན་དག་ཙག་ཙིག་བསྒྲུབ་རྒྱུ་ལས་མ་འདས་ཀྱང་། ད་ཆ་དངུལ་འདང་ངེས་བཞིན་སྤྱོད་རྒྱུ་ཡོད་པ་དང་། མང་ཚོགས་ཀྱིས་བསམ་པའི་བྱ་བ་བསྒྲུབ་ཐུབ་ཀྱི་ཡོད་ལ་དངུལ་གཏོང་རྒྱུར་ཡང་སེམས་ཁྲལ་མེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས”ཞེས་གསུངས་ཡོད། སྒྲིག་ལམ“བཟོ་བ”དང་། ཁྱིམ་གྱི་ཡོང་འབབ“སྟོན་པ” གཏོང་སྒོ“ཁ་གསལ”བཟོ་བ། འགན་འཁྲི“ཁ་གསལ”དུ་གཏོང་བ་བཅས་བྱས་པ་ལས། བློ་བདེ་བག་ཕེབས་ངང་འགྲོ་སོང་གཏོང་བ་དང་ཁ་ཡོད་ལག་ཡོད་ཀྱིས་བྱ་བ་བསྒྲུབས་པ་མཚོན་ཡོད།

མང་ཚོགས་ཁྱིམ་གྱི་རྩིས་ཁྲའི་འབབ་འཕར་གསལ་བ་དང་། གྲོང་ཚོའི་མཉམ་སྡེབ་ཀྱི་གཏོང་ཡོང་ལ་རྩིས་ཐོ་ཁ་གསལ་བཀོད་ཡོད། གསལ་ཐོ་ཞིབ་ཚགས་པོ་བཟོས་པ་དེས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་བསྐྱེད་གཏོང་བར་གནད་སྨིན་ཤུགས་འདོན་ཐུབ་ཡོད་ལ། འགན་སྲུང་མ་ལག་ལ་དོ་དམ་ཞིབ་ཚགས་བྱུང་བའང་མངོན་ཡོད།

དམངས་འཚོའི་ཁྲོད་དམངས་སེམས་ལྡན་པས། གྲོང་ཚོའི་ལས་བྱེད་པས་གྲོང་ཚོ་ཧྲིལ་པོ་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་ལ། ང་ཚོས་ལས་ཀ་ལྷག་བསམ་རྣམ་དག་གིས་སྒྲུབ་དགོས། དེ་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ཡིན་ལ་རྒྱུན་ཆད་མེད་པར་ཡང་དག་པའི་ལམ་བུར་སྐྱོད་པའི་ཡིད་ཆེས་ཤིག་ཀྱང་ཡིན་ཞེས་བཤད།

གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་དུ་ཤང་དབྱང་གྲོང་ཚོ་དང་འདྲ་བའི་གྲོང་ཚོ་ཁྲི་སྟོང་མང་པོས་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་འབུངས་མདུན་སྐྱོད་བྱེད་བཞིན་མཆིས།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)