《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月18日

ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་དང་ཀུན་སེམས་གཅིག་སྒྲིལ་གྱིས་བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་བཅག་པ།

ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ།

འདི་ག་ཚགས་པར་གྱི་གསར་འགོད་པས།

འདི་ནི་ཟླ་1ཚེས་14ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཤར་ལ་སུག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཡུལ་མི་སྟབས་བདེའི་ཁང་པར་སྤོ་བཞིན་པ།

ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། འཛམ་གླིང་གི་ཡང་རྩེ་ཇོ་མོ་གླང་མའི་འདབས་སུ་ས་གཞི་འགུལ་ནས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་གློ་བུར་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་རེད།

རྒྱལ་ཁབ་ཀྱིས་ས་ཡོམ་འཕྲལ་སྡོམ་བརྡ་ལན། རིམ་པ་གཉིས་པ། རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་བརྡ་ལན། རིམ་པ་གཉིས་པ།

ཛ་དྲག་གི་བཀའ་རྒྱ་འབྱོར་མ་ཐག འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་དང་ལེན་ཧུར་ཐག་ཞུས་ནས་སྒྲིག་འཛུགས་ནུས་ལྡན་བྱས་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དང་། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ། ཀྲུང་དབྱང་ཁེ་ལས་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པ་སོགས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤྱིའི་ཆ་ནས་བདེ་བླག་བྱུང་ཞིང་། མིག་སྔར། ཡོམ་འགོག་གེགས་སེལ་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་ཀྱང་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་བཞིན་ཡོད།

ཟླ་1ཚེས་13ཉིན་གྱི་ཆུ་ཚོད་9དང་སྐར་མ་30ལ། བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བའི་བྱེད་སྒོ་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་དིང་རི་རྫོང་གྲམ་མཚོ་ཤང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་མི་བརྒྱ་གྲངས་ཀྱིས་ངག་བསྡམས་ནས་ཀྲོང་ངེར་ལངས་ཏེ་མྱ་ངན་ཞུས་པར་ཡུལ་ལུང་ཡོངས་སུ་སྐྱོ་ཉམས་ཀྱིས་ཁེངས་པ་དང་། དྲ་ཐོག་ནས་མྱ་ངན་དང་སེམས་ཁུར་མཚོན་པར་བྱེད་མཁན་ཡང་ཁ་བའི་འདབ་མ་བཞིན་དུ་གྲངས་ལས་འདས། སྐབས་དེ་དུས། རྟ་བདུན་དབང་པོ་ཤར་རིའི་སྤོ་ནས་འཕགས་པ་དང་སྦྲགས་མཚམས་སྤྲིན་དམར་པོས་མི་རྣམས་ཀྱི་ངོ་གདོང་ལ་འོད་མདངས་འཕྲོས་པ་དེ་ནི་གེགས་ཁུལ་གྱི་མདུན་ལམ་གསལ་བར་བྱེད་པ་དང་འདྲ།

དིང་རི། རྣམ་པར་རྒྱལ་ངེས།

གོང་འོག་སེམས་པ་གཅིག་ཏུ་བསྒྲིལ——

ཡོམ་འགོག་གི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བ།

མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར།

ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་སྟེ“ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་དགོས”ཞེས་པ་དང་། “གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་དང་མཇུག་མཐུད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས”“མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་བླང་བྱ་གཞིར་བཟུང་། ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་བོད་ལྗོངས་གཞིས་རྩེའི་ས་ཡོམ་གེགས་ཁུལ་གྱི་ས་ཡུལ་དངོས་སུ་ཕེབས་ནས། འཕྲལ་སྡོམ་རོགས་སྐྱོབ་དང་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁྲལ་གནང་གི་ཡོད། ཚེས་9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་ཞིང་། ཚོགས་འདུའི་ཐོག་ལས་དོན་སྔར་ལས་ཞིབ་ཚགས་པར་བསྒྲུབས་ཏེ་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

གོང་འོག་སེམས་པ་མཐུན་ན་དཀའ་གནས་སྒྲོལ། ཕྱར་བ་གྲུ་འདེགས་བྱས་ན་རྣམ་པར་རྒྱལ། ཡོམ་ཁུལ་དུ་དཔུང་སྐྱོད་བྱེད་སྐབས“ང་ཏང་ཡོན་ཡིན་པས་ངེས་པར་དུ་འགྲོ་གི་ཡིན” “ང་ཏང་ཡོན་ཡིན་པས་འཕྲལ་རྒོལ་རུ་ཁག་ནང་ངེས་པར་དུ་ཞུགས་ཀྱི་ཡིན”ཞེས་པ་སོགས་འཐབ་ས་དང་པོར་སྐྱོད་པའི་འབོད་སྒྲ་གྲངས་མེད་ཡོམ་འགོག་སྐུལ་སློང་བྱེད་སར་གྲགས་པ་དང་། གེགས་སེལ་གྱི་འཐབ་ས་དང་པོའི་མཁའ་དབྱིངས་སུ་གྲགས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དང་འདོད་མཐུན་སྤྱོད་མཐུན་རྣམས་རང་བཞིན་གྱིས་འགྲོགས་ནས་ཡོམ་འགོག་གེགས་སེལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ་རེད།

ས་ཡོམ་བརྒྱབ་རྗེས། དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་དོན་གྲུབ་རྒྱལ་མཚན་འཕྲལ་དུ་གེགས་ཁུལ་དུ་བསྐྱོད་ནས་སྔ་རྗེས་སུ་ཞིག་རོའི་འོག་མནན་པའི་མི་15བསྐྱབས་པ་དང་ཉེན་གྱར་མང་ཚོགས་254གནས་སྤོས་ཤིང་། “གནོད་འཚེ་ཕོག་པའི་མང་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་ནི་ངའི་བྱས་རྗེས་གཟེངས་རྟགས་ཡིན་ལ། ངས་ཏང་དང་མི་དམངས་ལ་ཕུལ་བའི་རོགས་སྐྱོབ་ཀྱི་རྒྱུགས་ལན་ཡང་ཡིན”ཞེས་དོན་གྲུབ་རྒྱལ་མཚན་གྱིས་བཤད།

ཚེས་7ཉིན་གྱི་ཞོགས་པ་སྔ་པོར། ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་བདེ་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་གིས་ས་ཡོམ་བརྒྱབ་རྗེས་འཕྲལ་དུ་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་དུད་ཚང་126གི་མང་ཚོགས་600ལྷག་ཙམ་འཕྲལ་མར་ཁ་བཀྲམ་པ་རེད། མང་ཚོགས་བདེ་འཇགས་ཡིན་པ་ཤེས་རྗེས། ཁོང་གིས་གཞི་ནས་རང་ཉིད་ཀྱི་རྐང་པར་རྨས་སྐྱོན་ཕོག་ནས་སྐྲངས་པ་ཚོར། དེ་རྗེས་ཀྱི་བཀོད་སྒྲིག་ལས་དོན་ཁྲོད། རྨས་སྐྱོན་ཕོག་པའི་ཁོང་གིས་ཉིན་ལྟར་ཆུ་ཚོད་གཉིས་གསུམ་ཙམ་ལས་མ་ཉལ་བར་ཉིན་གསུམ་སྡུག་རུས་བྱས་རྗེས་ལས་གནས་ཐོག་དྲན་པ་ཐོར། སྨན་ཁང་དུ་བསྐྱལ་བའི་ཉིན་གཉིས་པར་ཁོང་གིས་ལས་གནས་སུ་ལོག་སྟེ་མུ་མཐུད་ལས་ཀར་ཞུགས་རྒྱུའི་རེ་བ་བཏོན། “མང་ཚོགས་གང་དུ་ཡོད་ན་ང་དེ་གར་འགྲོ་གི་ཡིན”ཞེས་ཁོང་གིས་བློ་རྩ་བརྟན་པོས་བཤད།

“མང་ཚོགས་གང་དུ་ཡོད་ན་དེ་གར་འགྲོ་གི་ཡིན”ཞེས་པ་ནི་གུང་ཁྲན་ཏང་ཡོན་གྱིས་གནོད་འཚེ་འཕྲད་སྐབས་བཞག་པའི་གཟི་བརྗིད་ལྡན་པའི་ཁས་ལེན་ཞིག་རེད། གནོད་འཚེ་ཆེན་པོའི་མདུན་དུ། མང་ཚོགས་ཡོད་སར་ཏང་ཡོན་ཡོད་ལ། ཏང་ཡོན་ཡོད་སར“དམག་འཐབ་མཁར་རྫོང”ཡོད།

ས་ཡོམ་བརྒྱབ་རྗེས་ཀྱི་ཞིག་རོའི་ཁྲོད“ཏང་ཡོན་འཕྲལ་རྒོལ་རུ་ཁག”ཅེས་བཀོད་པའི་དར་དམར་ལྷབ་ལྷུབ་ཏུ་གཡོ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཞིག་རོའི་ཁྲོད། མེ་ཟོན་རོགས་སྐྱོབ་ཀྱི་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་ཟས་ཐེབས་གཉིད་བཅག་བྱས་ནས་གྱང་རོ་བསྔོགས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྐྱོབ་རོགས་བྱེད་པ་དང་། གེགས་སེལ་གུར་ནང་། གནས་སྤོས་དོ་དམ་ཉེན་རྟོག་ཏང་ཡོན་འཕྲལ་སྒྲུབ་རུ་ཁག་གིས་རང་ཉིད་ཀྱི་ཟ་མ་ཚ་པོ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྔོན་ལ་སྤྲོད་པ། བོད་སྐྱོར་ལས་ཤག་ནང་། ཧྲང་ཧའེ་ནས་འཕྲལ་མར་ལས་གནས་སུ་ལོག་པའི་ཏང་ཡོན་ལས་བྱེད་པ་ཚོས་གསོ་རླུང་རྔུབ་ཀྱིན་མཚན་གང་བསྐྱར་སྐྲུན་དངོས་ཟོག་བཀོད་སྒྲིག་བྱེད་པ་སོགས་ལས་དོན་མང་པོ་བསྒྲུབས་ཡོད།

ས་བབ་ཇི་ཙམ་མཐོ་བ་དང་གནམ་གཤིས་ཇི་ཙམ་གྲང་རུང་། ལྡོག་སྐྱོད་པས་སྐྲག་སྣང་སྤུ་ཙམ་ཡང་མི་བྱེད་པར། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ནས། བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བཅས་བྱ་རྒྱུ་ནི་ཁོང་ཚོའི་སེམས་ནང་འཆང་བའི་དོན་ཆེན་ཞིག་རེད།

ཡོམ་འགོག་གེགས་སེལ་གྱི་ཉིན་མཚན་རེ་རེར་ཏང་དར་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

ཕྱོགས་བཞི་མཚམས་བརྒྱད་རྡོག་རྩ་བསྒྲིལ།———

གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱེད་པ།

མིག་རྩ་དམར་པོར་གྱུར་པ། ཧྲང་ཧའེ་ཡི་བོད་སྐྱོར་སྨན་པ་ཏི་དབྱང་གིས་མཚན་གཤར་བརྒྱབ་ནས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་རོགས་སྐྱོར་ལ་ཡོང་སྟེ་ས་ཡོམ་ཁྲོད་རྨས་སྐྱོན་ཕོག་པའི་མང་ཚོགས་བསྟུད་མར་སྐྱོབ་བཅོས་བྱས་ནས། མིག་རྩ་དམར་པོར་གྱུར་ཡང་སྨན་བཅོས་རྒྱུན་འཁྱོངས་བྱས་པ་དང་།

སྐད་འགག་པ། ཧྲན་ཏུང་ནས་ཡོང་བའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཙོའུ་ཧེང་གིས་དངོས་ཟོག་གྲལ་བཤེར་དང་སྤྲོད་པའི་ལས་ལ་ཞུགས་པ་དང་། ཁོ་མོས“མི་ཚེ་འདིར་སྐད་ཆ་མང་པོ་དེ་འདྲ་ཤོད་མྱོང་མེད”ཅེས་དང་། “མགོ་ན་ན་བར་སྐད་བརྒྱབ་པ་ཡིན”ཞེས་བཤད།

ལག་པར་ཆུ་ལྒང་ཐོན་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གཞིས་རྩེ་ཉིང་ལག་རུ་ཁག་ལས་སྒྲུབ་རུ་ཆེན་གསུམ་པའི་དཔོན་དམག་ཚོས་ཕྲུ་གུ་ཞིག་སྐྱོབ་སྐབས་ལག་ཆ་སྤྱད་ན་གྱང་རོ་ཡང་བསྐྱར་ལོག་ཡོང་སྙམ་སྟེ། ལག་པས་ཞིག་རོའི་ཁྲོད་ཀྱི་ས་རྡོ་རེ་རེ་བཞིན་བསྔོགས།

རོགས་སྐྱོབ་བྱེད་པའི་སེམས་ཤུགས་བར་ཐག་གིས་འགོག་མི་ཐུབ། ས་ཡོམ་བརྒྱབ་ནས་ཉིན་གཉིས་ལས་མ་སོང་བར་ཕྱོགས་མང་པོའི་རོགས་སྐྱོར་སྟོབས་ཤུགས་ཁྱོན་མི་ཁྲི་1.2ལྷག་ཙམ་གྱིས་མྱུར་དུ་རོགས་སྐྱོབ་བྱེད་པར་ཡོང་ནས་ཉེན་གྱར་མང་ཚོགས་407འཚོལ་སྐྱོབ་བྱས་ཡོད། དེ་ནས་ས་ཡོམ་རྗེས་ཀྱི་རོགས་སྐྱོབ་དང་འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་ལ་བསྒྱུར་ཡོད་པ་རེད།

“སེམས་ནུས་ཡོད་རྒུ་བཏོན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་དང་། གནས་སྐབས་བཀོད་སྒྲིག་དང་བར་བརྒལ་བཀོད་སྒྲིག་ལ་སྤྱི་འདོམས་ཡག་པོ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས”ཞེས་པ་དེ་ནི་ཏང་ཀྲུང་དབྱང་གིས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ཐད་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད།

ཟླ་1ཚེས་10ཉིན་གྱི་ཕྱི་དྲོར། དགུ་རུམ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཁག་དང་པོའི་མང་ཚོགས་ཀྱིས་ཉལ་ཆས་དང་མལ་གདན་པང་དུ་བཏབ་ནས་བསྐྲུན་མ་ཐག་པའི་སྟབས་བདེའི་ཁང་པར་སྤོས། ཡུལ་མི་ཟླ་བ་ཚེ་རིང་གིས“སྟབས་བདེའི་ཁང་པར་མགྱོགས་པོ་དེ་འདྲ་སྤོ་ཐུབ་པ་བསམ་པའི་ཡུལ་ལའང་མེད། འདི་གར་དེ་བས་བདེ་འཇགས་ལྡན་ལ་དྲོ་བ་འདུག”ཅེས་བཤད།

གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲམ་མཚོ་ཤང་དགུ་རུམ་གྲོང་ཚོ་དང་ཟིང་དཀར་གྲོང་ཚོ་ནས་མཚོ་སྒང་ཤང་སྐྱིད་ལྡིང་གྲོང་ཚོ་དང་ཆུ་ལྷོ་ཤང་བར། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རོགས་སྐྱོབ་མི་སྣ་ཚོས་ཕྱར་བ་གྲུ་འདེགས་དང་བློ་སེམས་གཅིག་མཐུན་གྱིས་གེགས་ཁུལ་གྱི་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་བཞིན་ཡོད།

མཚོ་སྒང་ཤང་དགའ་སྒོར་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་གྱི་ལས་ཡུལ་དུ་བྲེལ་བཞིན་པའི་བཟོ་པ་ཚོ་ནི་ཧོ་པེ་དང་ཀན་སུའུ་སོགས་ནས་ཡོང་བ་དང་། དོས་སྒམ་ལྟེབ་སྒྲིག་མ་ཆ་ཚང་500ནི་གོར་མོ་ནས་འཕྲལ་དུ་སྐོང་འཐེན་བྱས་པ་ཞིག་རེད། སྟབས་བདེའི་ཁང་པ་སྐྲུན་མཁན་ཧྲའན་ཤིས་ཀྱི་ཕོ་གཞོན་ལེ་ཅུན་ཅེས་ལ་དུག་བཟོད་ནས་པང་ལེབ་དབོར་སྐབས་གོམ་པ་ཁ་ཤས་མཚམས་སུ་དབུགས་ཧལ་ཡང་བསྟུད་མར་ལས་ཀ་ཆུ་ཚོད་བཅུ་ལྷག་ཙམ་བྱས་ཡོད། “ངལ་གསོ་མ་རྒྱག་པ་ནི་གེགས་ཁུལ་གྱི་མང་ཚོགས་སྔ་ཙམ་སྟབས་བདེའི་ཁང་པར་སྤོ་ཐུབ་ཆེད་ཡིན”ཞེས་ཁོང་གིས་ངོ་གདོང་ནས་བློ་སྟོབས་བརྟན་པོ་ཞིག་མངོན་བཞིན་བཤད།

སྲིད་གཞུང་སྡེ་ཚན་གྱིས་མཐུན་སྦྱོར་བཀོད་གཏོང་དང་། འཛུགས་སྐྲུན་ཚན་པ་ཁག་གིས་གང་མགྱོགས་བསྐྲུན་པ། གློག་དྲ་དང་འཕྲིན་གཏོང་ཁེ་ལས་མགྱོགས་མྱུར་ཁྱབ་པ་སོགས། ཕྱོགས་མང་པོ་ནས་ནུས་ཤུགས་བཏོན་ཏེ་སྟབས་བདེའི་ཁང་པ་མགྱོགས་མྱུར་བསྐྲུན། ཚེས་12ཉིན་གྱི་ཆུ་ཚོད་18བར་རིམ་རྩིས་བརྒྱབ་ན། སྟབས་བདེའི་ཁང་པ་ཆ་ཚང་2198བསྐྲུན་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་སྤོ་རྒྱུར་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། འབྱོར་བའི་དངོས་ཟོག་གྲས་སུ་མལ་གདན་རིགས་ཁྲི་16.62དང་། ཐབ་ཆས་རིགས་40737 གྱོན་ཆས་རིགས་ཆ་ཚང་ཁྲི་11.8ཡོད་པ་རེད།

ཡོམ་ཁུལ་དུ་སྐྱོད་སྐབས། གསར་འགོད་པས་རྒྱང་རིང་ནས་གེགས་སེལ་དངོས་ཟོག་བླུགས་པའི་རླངས་འཁོར་མང་པོ་ཡོང་བ་དང་རླངས་འཁོར་ཐོག་སྤུན་ཟླའི་ཞིང་ཆེན་གྱི་མིང་བྲིས་ཡོད་པ་མཐོང་བྱུང་། བོད་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་999ཛ་དྲག་རོགས་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་མཱ་ཅུན་གྱིས། “རྒྱལ་ཡོངས་ཀྱི་ཕན་ཚུན་རོགས་རེས་སྟོབས་ཤུགས་དེ་གར་འདུས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཀུན་སེམས་གཅིག་སྒྲིལ་གྱི་བློ་སྟོབས་དེ་གར་འདུས་པས། གནོད་འཚེ་གང་འདྲ་ཞིག་འཕྲད་རུང་དིང་རིས་རྣམ་པར་རྒྱལ་ཐུབ་ངེས་རེད”ཅེས་བཤད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས།“ཡོམ་འགོག་གེགས་སེལ་ལས་དོན་ལ་སྐུལ་སྤེལ་བདེ་བླག་བྱུང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་གང་ལེགས་མངོན་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཕན་ཚུན་རོགས་རེས་བྱེད་པའི་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་གང་ལེགས་མཚོན་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ཟབ་མོ་གང་ལེགས་མཚོན་ཡོད”ཅེས་གསུངས།

ཚན་རིག་བཀོད་གཏོང་བསམ་ཇུས་གཅིག———

རོགས་སྐྱོབ་མྱུར་ལ་གོ་རིམ་ལྡན་པ་དང་། དངོས་ཟོག་དབོར་སྐྱེལ་ལས་ཕྱོད་ཆེ་བ། བསྐྱར་སྐྲུན་བརྟན་ལ་ཞིབ་ཚགས་པ།

ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ། རྒྱལ་ཁབ་འཕྲལ་སྡོམ་བཀོད་འདོམས་ལྟེ་གནས་ནས་ས་ཡོམ་གྱི་ཉེན་བརྡ་གྲགས་ཤིང་། སྐར་ཆ་30ཙམ་ནང་བཀོད་འདོམས་ལྟེ་གནས་ནང་ཁུལ་གྱིས་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་དང་ལེན་བྱེད་འགོ་ཚུགས་ཡོད།

“མིག་སྔར་གནས་ཚུལ་ཅི་འདྲ་འདུག་གམ”“དང་ལེན་བྱེད་འགོ་བཙུགས་ཟིན། ཡོམ་ལྟེར་ཡོམ་ཚོར་ཆེན་པོ་ཡོད་སྟབས་མི་སྣ་ཤི་རྨས་འབྱུང་སྲིད་པས་བཀོད་གཏོང་བྱེད་བཞིན་ཡོད”ཅེས་འཕྲལ་སྡོམ་དོ་དམ་པུའུ་སོགས་སྡེ་ཚན་གྱི་འགན་འཁུར་བས་བོད་རང་སྐྱོང་ལྗོངས་ས་གནས་ཀྱི་འཕྲལ་སྡོམ་བཀོད་འདོམས་དང་རོགས་སྐྱོབ་དཔུང་ཁག་དང་རྒྱང་སྦྲེལ་བཀོད་གཏོང་བྱས།

འཕྲལ་སྡོམ་ལམ་སྲོལ་འཕྲལ་མར་ལག་ལེན་བསྟར་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་བཙུགས་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་ཁག་གི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ཡོད། “མིག་མངས་འགྲིག་སྐོར་གཅིག”གི་སྤྱི་ཡོངས་ཁ་གསལ་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་སྲོལ་གྱི་ལེགས་ཆ་གང་ལེགས་མངོན་ཡོད།

—— རོགས་སྐྱོབ་མྱུར་ལ་གོ་རིམ་ལྡན་པ།

ས་ཡོམ་བརྒྱབ་ནས་སྐར་མ་10སོང་རྗེས་རོགས་སྐྱོབ་གནམ་གྲུ་གེགས་ཁུལ་གྱི་མཁའ་དབྱིངས་སུ་འཕུར་བ་དང་། ཆུ་ཚོད་ཕྱེད་ཀ་ཙམ་ཡང་མ་འགོར་བར་ས་ཡོམ་གྱི་ལྟེ་བའི་ས་ཁོངས་སུ་ཞིག་རོའི་ཁྲོད་རོགས་སྐྱོབ་བྱེད་འགོ་ཚུགས་ཤིང་། བཅིངས་འགྲོལ་དམག་དང་། མེ་ཟོན། འཕྲལ་སྡོམ་རོགས་སྐྱོབ་སོགས་ཚན་པ་ཁག་གིས་གོ་རིམ་ལྡན་པའི་སྒོ་ནས་གེགས་ཁུལ་དུ་བཅའ་སྡོད་བྱས་ཏེ་ལས་དོན་སྤེལ་བ་རེད།

ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མ་ལག་གི་ནུས་པ་མྱུར་དུ་ཐོན་ཞིང་། ཉིན་གཅིག་ཀྱང་མ་འགོར་བར་ས་གནས་དེ་གའི་འཕྲིན་གཏོང་དང་། དྲ་རྒྱ། འགྲོ་ལམ། གློག་གཏོང་བཅས་རིམ་བཞིན་སླར་གསོ་བྱུང་བ་དང་། གནོད་འཚེ་ཕོག་པའི་མང་ཚོགས་སྤྱིར་ན་འཕྲལ་སྡོམ་གུར་ནང་སྤོས་ནས་ལྟོ་ཚ་པོ་ཟ་རྒྱུ་བྱུང་ཡོད།

—— དངོས་ཟོག་དབོར་སྐྱེལ་ལས་ཕྱོད་ཆེ་བ།

ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཛ་དྲག་ངང་གཏོང་སྤྲོད་བྱས། ཚེས་7ཉིན་གྱི་དགོང་མོར། ནོར་སྲིད་པུའུ་དང་འཕྲལ་སྡོམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1མྱུར་དུ་སྔོན་སྤྲོད་བྱས་པ་དང་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁག་དང་པོ་གེགས་ཁུལ་དུ་འབྱོར།

བོད་ལ་ཅི་ཞིག་དཀོན་པ་ཡོད་ན་རྒྱལ་ཁབ་ཀྱིས་དེ་གཏོང་སྤྲོད་བྱས། ཚེས་11ཉིན་གྱི་དགོང་མོར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་ལ་སྟབས་བདེའི་ཁང་པ་ཆ་ཚང་2000རེ་འདུན་ཞུས་པ་དང་། ཚེས་12ཉིན་གྱི་ཞོགས་པར། སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་འཕྲལ་སྡོམ་དོ་དམ་ཐིང་གིས་དབོར་འདྲེན་སྒྲིག་འཛུགས་བྱེད་འགོ་བཙུགས།

—— བསྐྱར་སྐྲུན་བརྟན་ལ་ཞིབ་ཚགས་པ།

“ང་ཚོས་སྡོད་ཁང་འཛུགས་སྐྲུན་པུའུ་ལ་ཞིང་ཆེན་བརྒལ་བའི་མཐུན་སྦྱོར་བྱེད་རོགས་ཞུས་ནས་ཁང་པ་འཛུགས་སྐྲུན་རིགས་གཅིག་མཁས་ཅན་200མང་དུ་བཏང་ནས་ཁང་པ་འཕྲལ་སྡོམ་ཚོད་སྐོར་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུ་ཡིན” ཚེས་10ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུས་ས་གནས་ཀྱི་དགོས་མཁོ་གཞིར་བཟུང་མཐུན་སྦྱོར་རོགས་རམ་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་ཕྲའི་བཀོད་སྒྲིག་དོན་འཁྱོལ་བྱས་པ་རེད།

མིག་སྔའི་བར། རང་བྱུང་ཐོན་ཁུངས་པུས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་3841ལ་འཕྲལ་སྡོམ་གྲལ་བཤེར་ལེགས་སྒྲུབ་བྱས་པ་དང་། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་བཀོད་སྒྲིག་བྱ་ཡུལ་278གྱི་འཕྲལ་སྡོམ་གློག་མཐུད་ལས་དོན་ལེགས་སྒྲུབ་བྱས་པ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཀྲུང་ལུགས་གསོ་རིག་ཅུས་ཀྱིས་རྨས་མར“མི་གཅིག་ལ་ཐབས་ཇུས་གཅིག”གི་སྨན་བཅོས་ཇུས་གཞི་བཟོས་ཡོད།

“ཡོམ་འགོག་གེགས་སེལ་བྱེད་པར་སྲིད་སྐྱོང་ཏང་གི་འགོ་ཁྲིད་ནུས་པར་བསྡུར་ཞིབ་དང་། སྲིད་གཞུང་གི་ལག་བསྟར་ནུས་པར་ཞིབ་དཔྱད། རྒྱལ་ཁབ་ཀྱི་སྐུལ་སློང་ནུས་པར་དཔྱད་བསྡུར། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་མཚོན་པ་བཅས་ཡིན། ང་ཚོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་མཚོན་ཚུལ་གལ་ཆེན་ཞིག་ནི་དཀའ་ཉེན་བྲེལ་ལྕིའི་དུས་སུ་ཡིན”ཞེས་པེ་ཅིང་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་མཱ་ལེང་གིས་བཤད།

མི་དཀྱུས་མའི་ཉམས་ལེན་གྱིས་ལམ་ལུགས་ཀྱི་དྲོད་ཚད་ཡག་ཤོས་མཚོན་ཐུབ།

“གུང་ཁྲན་ཏང་གིས་བཅིངས་འགྲོལ་དམག་མངགས་གཏོང་གནང་བས་ཐམས་ཅད་ལེགས་སུ་སོང” བཅིངས་འགྲོལ་དམག་གེགས་ཁུལ་དུ་སླེབས་པ་མཐོང་སྐབས་མང་ཚོགས་ཀྱིས་དགའ་འབོད་བྱེད་པ་དང་བྱིས་པ་རྣམས་དགའ་ཚོར་ཆེན་པོས་མདུན་དུ་བསུ་བར་བསྐྱོད།

དིང་རི་རྫོང་མི་དམངས་སྨན་ཁང་དུ་བཀྲ་ཤིས་ཁྱིམ་གྱི་ནང་མི་ཚང་མ་སྲོག་ཉེན་ལས་ཐར་ཞིང་། མེ་ཟོན་རུ་མི་ཚོས་ཁོང་ཚོ་ཞིག་རོ་ནས་བསྐྱབས་པ་དང་ཉེན་རྟོག་པས་ཁོང་སྨན་ཁང་དུ་བསྐྱལ་ཡོད། ད་ཆ་འཕྲལ་སྡོམ་སྨན་བཅོས་རུ་ཁག་གིས་ཁོང་ལ་སྨན་བཅོས་བྱེད་བཞིན་ཡོད།

བློ་བག་ཡངས་པའི་ཁོང་ནད་པ་གཞན་དང་ཁ་བརྡ་བྱེད་རྒྱུར་དགའ་པོ་ཡོད། “རྒྱལ་ཁབ་ཀྲུང་གོ་ཡིན་པས་རོགས་སྐྱོབ་བྱེད་མཁན་མང་པོ་ཡོད། དེ་ལྟར་མིན་ན་ང་ཚོའི་ནང་མི་ཚང་མ་སྲོག་ཉེན་ལས་ཐར་ཁག་པོ་རེད”ཅེས་ཁོང་གིས་མྱོང་ཚོར་ཟབ་མོས་བཤད།

ཡིད་ཆེས་བརྟན་གཏོང་ལམ་བུ་གཅིག———

ཁྱིམ་གཞིས་བསྐྱར་སྐྲུན་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད།

“ཏང་དང་སྲིད་གཞུང་གིས་བསྐྲུན་པའི་གྲོང་ཚོའི་ཨར་འདམ་ལམ་འདི་ང་ཚོའི་སྲོག་སྐྱོབ་ལམ་དུ་གྱུར་ཡོད”ཅེས་དགུ་རུམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་རིང་ཕུན་ཚོགས་ཀྱིས་བརྗོད།

དགུ་རུམ་གྲོང་ཚོར་འགྲོ་དགོས་ཚེ་ངེས་པར་དུ་ནུབ་ནས་ཤར་བར་གྱི་གྲོང་ཚོའི་ཨར་འདམ་ལམ་ནས་སྐྱོད་དགོས། ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་45ཙམ་ལ་དིང་རི་རྫོང་མེ་ཟོན་རོགས་སྐྱོབ་རུ་ཁག་ཀྱང་གྲོང་ཚོའི་ལམ་དེ་བརྒྱུད་ནས་འབྱོར་བ་དང་། ཆུ་ཚོད་16དང་སྐར་མ་18ཙམ་ལ་སྲིད་གཞུང་གིས་སྤྲད་པའི་གེགས་སྐྱོབ་གུར་ཁག་དང་པོ་འབྱོར་བ། ཆུ་ཚོད་18ཡས་མས་སུ་འཕྲལ་སྡོམ་གློག་ཁུངས་རླངས་འཁོར་གྲོང་ཚོར་འབྱོར་བ་རེད།

ཉིན་ཤས་བསྟུད་མར། གྲོང་ཚོའི་ལམ་དེ་བརྒྱུད་གེགས་སེལ་དངོས་ཟོག་མང་པོ་ཞིག་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྲད་ནས་ཁོང་ཚོ་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱས་ཡོད།

ཡོམ་འགོག་གེགས་སེལ་གྱི“ཀྲུང་གོའི་མྱུར་ཚད”དང“ཀྲུང་གོའི་དྲོད་ཚད”ཅི་ཞིག་ལ་བརྟེན་ཡོད་དམ།

ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་དང་། གཞིས་རྩེ་ནས་དིང་རི་རྫོང་བར་གྱི་རྒྱལ་ལམ། དེ་ནས་དིང་རི་རྫོང་གི་ཤང་དང་གྲོང་རྡལ་དང་གྲོང་ཚོ་ཁག་དབར་ཕན་ཚུན་འབྲེལ་མཐུད་བྱེད་པའི་གྲོང་ཚོའི་ལམ་སོགས་སུ་རོགས་སྐྱོབ་རླངས་འཁོར་སྣ་ཚོགས་ཉིན་མཚན་ལྟོས་མེད་དུ་བསྐྱོད་ནས་རོགས་སྐྱོབ་མི་སྣ་མྱུར་དུ་འབྱོར་བ་དང་། རོགས་སྐྱོབ་དངོས་ཟོག་མྱུར་དུ་སྐྱེལ་བ། རོགས་སྐྱོབ་སྟོབས་ཤུགས་མྱུར་དུ་འབྲེལ་མཐུད། རྨས་མར་མྱུར་དུ་སྨན་བཅོས་བཅས་ཐུབ་པ་བྱས་ཏེ་ཚེ་སྲོག་སྐྱོབ་པའི་ལམ་བུ་རེ་རེ་གཏོད་ཡོད། ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་རོགས་སྐྱོབ་རུ་ཁག་གི་འགན་འཁུར་བ་ལུའེ་ཅན་གྱིས། “འགྲོ་ལམ་ཤར་གཏོང་ཐུབ་ན། དུས་ཚོད་ག་ཚོད་གྲོན་ཆུང་ཐུབ་པ་དང་ཚེ་སྲོག་ག་ཚོད་སྐྱོབ་ཐུབ་ཀྱི་རེད་ཨང་། མ་དངུལ་འབོར་ཆེན་བཏང་ནས་མ་གནས་བསྡུ་མ་ཐུབ་ནའང་ཅི་ཡོད། ངས་བལྟས་ན་འདི་ལ་རིན་ཐང་ཆེན་པོ་ལྡན་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

ས་ཡོམ་བརྒྱབ་པའི་ཉིན་དེའི་ཕྱི་དྲོར། སྐྱེལ་འདྲེན-20གཞིས་རྩེའི་དིང་རི་གནམ་ཐང་དུ་འབྱོར་ཞིང་། སྐྱེལ་འདྲེན-20ཕུད་ད་དུང“གཤོག་འབྲུག”མི་མེད་གནམ་གྲུ་དང་རྒྱང་ཚོར་སྲུང་སྐར་སོགས“རྒྱལ་ཁབ་ཆེན་པོའི་མཆོག་ནོར”དང“ཚན་རྩལ་ནག་པོ”སྣ་ཚོགས་ཀྱིས་ནུས་པ་ཆེན་པོ་བཏོན་ཡོད།

ཚན་རྩལ་མཐོ་བའི་སྒྲིག་ཆས་ཀྱི་འགྲན་མེད་སྟོབས་ཤུགས་མངོན་པ་དང་། རང་རྒྱལ་གྱི་གནོད་འཚེ་སྔོན་འགོག་དང་གེགས་སེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེན་པོ་གསོན་ཉམས་དོད་པོས་མངོན་ཡོད།

དངོས་ཟོག་མཁོ་སྤྲོད་འདང་ངེས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཟས་གོས་དྲོད་གསུམ་ལ་འགན་ལེན་ཐུབ་པ་དང་། སྟབས་བདེའི་ཁང་པ་ཚང་མར་མཐུད་པའི་གློག་སྐུད་ཀྱིས་འོད་སྣང་དང་དྲོ་སྐྱིད་སྦྱིན་པ། གེགས་ཁུལ་ལ་ཁྱབ་པའི་གློག་འཕྲིན་དྲ་རྒྱའི་བརྡ་རྟགས་ཀྱིས་གེགས་ཁུལ་མང་ཚོགས་ལ་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཁུར་དང་གཟིགས་སྐྱོང་བརྒྱུད་སྤྲོད་བྱེད་པ་བཅས་ཚང་མ་ནི་དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་ཆེན་པོ་ལས་བྱུང་བ་རེད།

“ལོ་40ལྷག་ཙམ་རིང་གི་སྒྱུར་བཅོས་སྒོ་དབྱེ་དང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད། འདི་དག་ཚང་མས་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་ལ་དངོས་པོའི་འགན་ལེན་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་མཁོ་འདོན་བྱས་ཏེ‘ཀྲུང་གོའི་མྱུར་ཚད’དང‘ཀྲུང་གོའི་དྲོད་ཚད’མངོན་པ་མ་ཟད། ‘ཀྲུང་གོའི་སྟོབས་ཤུགས’ཀྱི་འགྲོ་ལམ་དང་ལམ་ལུགས་ཀྱི་ལེགས་ཆ་ཡང་མངོན་ཡོད”ཅེས་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཧུང་ཝེས་བཤད།

ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་སྲིད་ཇུས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་འགོད་ཇུས་འདོན་དང་ཁ་སྒྱུར་ཕྱོགས་སྟོན་འོག དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དྲིན་ཚོར་མདུན་སྐྱོད་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད།

གྲམ་མཚོ་ཤང་མཐོང་ལས་གྲོང་ཚོའི་ཡུལ་མི་བུ་ཁྲིད་ཀྱིས། ལོ་འདི་དག་རིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ང་ཚོའི་འཚོ་བར་ཡར་ངོའི་ཟླ་ལྟར་གྱི་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་གཞུང་ལམ་ཇེ་མང་དང་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པས། ཡུལ་མི་ཚོའི་ཁྱད་ལྡན་ཡུལ་ཟོག་དང་ལག་ཤེས་ཐོན་རྫས་ཕྱིར་གཏོང་ཐུབ་ནས། ཚང་མའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད་པ་དང་། ཁོང་གིས“ད་ཐེངས་གནོད་འཚེ་ཕོག་ཡོད་མོད། འོན་ཀྱང་ལམ་ཡོད་ཚེ་ང་ཚོས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པར་གདེང་ཚོད་ཆེན་པོ་ཡོད”ཅེས་བཤད།

ས་ཡོམ་གྱིས་རེ་བའི་སྟོབས་ཤུགས་བརླག་མི་སྲིད་ལ། དཀའ་ངལ་གྱིས་ཡིད་ཆེས་ཀྱི་གོམ་སྟབས་འགོག་མི་ཐུབ།

གྲམ་མཚོ་ཤང་རྩྭ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ། ལོ་73ལ་སླེབས་པའི་ཟླ་བ་ཡིས་རང་དབང་མེད་པར་ས་གནས་དེ་གའི་དམངས་གཞས་ཤིག་བླངས་པ་སྟེ། “གལ་སྲིད‘མཛུབ་ཆུང’སྟེང་བསྐྱོད་ཚེ་ཕར་འཁྱོག་ཚུར་འཁྱོག་སྲིད་པ་དང་། གལ་སྲིད‘གསེར་གྱི་ཟམ་པའི’ཐོག་བསྐྱོད་ཚེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དུས་བདེ་ལྷིང་འཇགས་ཡོང་ཐུབ”

“‘གསེར་གྱི་ཟམ་པ’དེ་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན། གུང་ཁྲན་ཏང་གིས་རི་མཐོ་གཡང་གཟར་བཤངས་ནས་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་བཟོས་ཡོད། གུང་ཁྲན་ཏང་གི་འགོ་ཁྲིད་འོག་ད་གཟོད་ང་ཚོར་དེ་བས་ལེགས་པའི་མ་འོངས་ཡོད་སྲིད”ཅེས་ཟླ་བས་བཤད།

(རིག་རྡོར་དང་། ལྷག་ཚེ། བུ་ཁྲིད། ཚེ་སྒྲོལ། བསྟན་བཟང་བཅས་ཀྱིས་སྒྱུར་ཞུས་བྱས)