ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་བརྟན་པོ་ཆུད་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་ཆེད། ཀྲུང་དབྱང་རྩ་འཛུགས་པུས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་མདོར་བསྟན་པ》(གཤམ་དུ《མདོར་བསྟན》ཞེས་བསྡུ་རྒྱུ)ཞེས་པའི་དཔེ་དེབ་སྒྲིག་འཛུགས་བྱས་ནས་རྩོམ་འབྲི་བྱས་པ་དེ། ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་ཚེས་16ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་འདྲ་ཞིག་འཛུགས་སྐྱོང་བྱེད་རྒྱུ་དང་ཡུན་རིང་སྲིད་སྐྱོང་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྱོང་བྱེད་རྒྱུའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་པའི་ཁར། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་འབུར་དུ་ཐོན་པར་བྱས་ནས། ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བ་བཅས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་ཡོད། མཁྱེན་དཔྱོད་ཟབ་ཅིང་ཡངས་ལ་ནང་དོན་ཕུན་སུམ་ཚོགས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་འདིས། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པར་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཧ་ཅང་ཆེན་པོ་བཏང་བ་དེས་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་སྲིད་སྐྱོང་ཏང་འཛུགས་སྐྱོང་གི་ཆོས་ཉིད་ལ་ངོས་འཛིན་ཐུབ་ཚད་མཐོ་ཚད་གསར་པར་སླེབས་པ་མཚོན་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི“ཏང་འཛུགས་སྐྱོང་གི་ལེའུ”གྲུབ་སྟེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དུས་རབས་གསར་པའི་རྩ་འཛུགས་ཀྱི་ལས་དོན་ལེགས་པར་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
《མདོར་བསྟན》ནི་གླེང་གཞི་དང་། གཙོ་དོན། མཇུག་བསྡུའི་གཏམ་བཅས་ལས་གྲུབ་པ་དང་ཁྱོན་ཡིག་འབྲུ་ཁྲི་12.1ཡོད། དེབ་དེའི་ནང་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་དང་བླང་བྱ་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། ཏང་འཛུགས་སྐྱོང་གི་རྩ་བའི་རྩ་དོན་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག རིན་ཐང་དོན་གཉེར། གཙོ་གནད་ལས་འགན་བཅས་ལ་གསལ་བཤད་གཏིང་ཟབ་བྱས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་འཛུགས་སྐྱོང་ཁྱབ་ཁོངས་སུ་ཕུལ་བའི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕྱོགས་ཡོངས་ནས་མཚོན་པར་བྱས་ཡོད། 《མདོར་བསྟན》གྱི་ནང་དོན་ཕུན་སུམ་ཚོགས་ལ་ལྟ་བ་མངོན་གསལ་དོད་པ་དང་། རྒྱས་བཤད་གཏིང་ཟབ་ལ་གཏན་ཚིགས་དམ་ཞིང་ཟབ་ལ། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། བརྒྱུད་རིམ་གྱི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཀྱང་ཆེན་པོ་ལྡན་ཡོད། དེ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁུངས་བཙན་པའི་གཞོགས་འདེགས་ཀློག་དེབ་ཅིག་རེད།
ཀྲུང་དབྱང་རྩ་འཛུགས་པུས་བརྡ་ཐོ་བཀྲམ་སྟེ། རིམ་ཁག་རྩ་འཛུགས་དང་སྡེ་ཚན་ལ་ཏང་ཡོན་སྒྲིག་འཛུགས་བྱས་ནས་ནན་ཏན་ངང་མ་རྩོམ་ཀློག་པ་དང་། མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱེད་པ་དང་ཆབས་ཅིག《མདོར་བསྟན》དེ་སློབ་གསོ་གསོ་སྦྱོང་གི་སློབ་དེབ་དང་ངེས་པར་དུ་ལྟ་སྦྱོང་བྱེད་དགོས་པའི་དཔེ་དེབ་ཅིག་ལ་བརྩིས་ཏེ། “གཏན་འཁེལ་གཉིས”གྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་བས་གཏིང་ཟབ་རྟོགས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་འཁྱོངས། ཏང་འཛུགས་སྐྱོང་དང་རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་ཧུར་ཐག་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། (སྤེན་པ་ཚེ་རིང་གིས་སྒྱུར་ཞུས་བྱས)