《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月18日

ཞི་ཅིན་ཕིང་དང་མོ་ན་ཁོའི་གཙོ་བདག་ཨའར་པེ་ཆིན་ཝང་ཁྲི་ཐོག་གཉིས་པས་ཀྲུང་གོ་དང་མོ་ན་ཁོའི་དབར་ཕྱི་འབྲེལ་བཙུཌ་ནས་ལོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་ན་ཁོའི་གཙོ་བདག་ཨའར་པེ་ཆིན་ཝང་ཁྲི་ཐོག་གཉིས་པའི་དབར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་ན་ཁོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་དང་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཡོད་ལ། འཕྲིན་གཏོང་དང་། ཁོར་ཡུག་སྲུང་སྐྱོང་། ལུས་རྩལ། སྒྱུ་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཁྱད་ཆོས་ལྡན་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ནས། མངའ་ཁོངས་མི་འདྲ་བ་དང་། ལོ་རྒྱུས་རིག་གནས་མི་འདྲ་བ། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་མཛའ་མཐུན་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ངས་ཀྲུང་གོ་དང་མོ་ན་ཁོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཨའར་པེ་ཆིན་ཝང་ཁྲི་ཐོག་གཉིས་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་འགོ་ཚུགས་ས་གསར་པར་བྱས་ནས། ཀྲུང་གོ་དང་མོ་ན་ཁོའི་འབྲེལ་བར་འཕེལ་རིམ་གསར་པ་རྒྱུན་ཆད་མེད་པར་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

ཨའར་པེ་ཁྲི་ཐོག་གཉིས་པས། མོ་ན་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཆེ་ཆུང་དང་། རིག་གནས། རྒྱལ་བབ་བཅས་འདྲ་གི་མེད་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། སྤེལ་རེས། དཔྱད་གཞིར་འཛིན་རེས་བཅས་མཐའ་འཁྱོངས་བྱས་པས་ཁོར་ཡུག་སྲུང་སྐྱོང་དང་། རྒྱ་མཚོ། དཔལ་འབྱོར་ཚོང་དོན། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2019ལོར་མོ་ན་ཁོར་རྒྱལ་དོན་འཚམས་འདྲི་གནང་བ་ནི་མོ་ན་ཁོའི་མི་དམངས་ཡོངས་ཀྱིས་བརྗེད་པར་དཀའ་བའི་རྒྱལ་ཡོངས་ཀྱི་དོན་ཆེན་ཞིག་རེད། མོ་ན་ཁོ་ཕྱོགས་ཀྱིས་མོ་ན་ཁོ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ངས་སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་མཉམ་ལས་རྒྱ་སྐྱེད་བཏང་སྟེ། མོ་ན་ཁོ་དང་ཀྲུང་གོའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།