ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སེར་པི་ཡའི་ཙུང་ཐུང་ཝུའུ་ཆེ་ཆི་ཡིས་རྒྱལ་ས་པེར་ཀེ་ལའེ་ཏེའི་ཉི་ཀུ་ལཱ·ཐེ་སི་ལཱ་གནམ་ཐང་དུ། སེར་ཀྲུང་ཚོང་དོན་དང་ཡུལ་སྐོར་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཀྲུང་གོར་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།
ཚེས་10ཉིན། སེར་པི་ཡའི་མཁའ་འགྲུལ་ཀུང་སིའི་པེར་ཀེ་ལའེ་ཏེ་ནས་ཧྲང་ཧའེ་བར་གྱི་གནམ་གྲུ་ཐོག་མ་འཕུར་བའི་མཛད་སྒོ་འཚོགས་ཤིང་། ཝུའུ་ཆེ་ཆི་ཡིས་མཛད་སྒོའི་ཐོག་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུ་ཤར་གཏོང་བྱས་པ་དེས་སེར་པི་ཡའི་ངོས་ནས་བརྗོད་ན་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཁོང་གིས། དེ་གོང་ཤར་གཏོང་བྱས་པའི་པེར་ཀེ་ལའེ་ཏེ་ནས་ཀོང་ཀྲོའུ་བར་གྱི་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུར་འགྲུལ་པ་སྡོད་ཚད་97% ནས་98%བར་ཟིན་ཡོད་པས། ཧྲང་ཧའེ་དུ་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུར་ཡང་འགྲུལ་པ་སྡོད་མཁན་མང་པོ་དེ་ལྟ་བུ་ཟིན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།
ཝུའུ་ཆེ་ཆི་ཡིས། 2024ལོར་སེར་ཀྲུང་ཚོང་དོན་བསྡོམས་འབོར་ཡོ་སྒོར་དུང་ཕྱུར་70ཙམ་ཟིན་པ་དང་། སེར་པི་ཡར་བསྐྱོད་པའི་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་ཁྲི་14.7ཙམ་ཟིན་པ་དེས། སེར་པི་ཡའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བར་སྐུལ་མ་ཐེབས་པ་དང་མགྲོན་ཁང་ལས་རིགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད་ཅེས་བརྗོད།
(པད་ཆོས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)