འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་མོང་ཤུས། ཀྲང་ཕེང་ཧུའེ། ཀྲང་པོ་ལན།
མིག་སྔར། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལམ་མདོ་ཁ་གསར་པ་ཞིག་ཏུ་སླེབས་ཡོད། ཨ་རིའི་འཐབ་ཇུས་ལས་རིགས་དང་བཟོ་ཚོང་ལས་རིགས་སོགས་ཀྱི་མི་སྣས་ཨ་རི་དང་ཀྲུང་གོས་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུས་ཏེ། འབྲེལ་གཏུག་རྒྱུན་འཁྱོངས་དང་། མཉམ་ལས་རྒྱ་སྐྱེད། མི་མཐུན་སར་དོ་དམ་དང་ཚོད་འཛིན་བཅས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་སྐྲུན་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས་ཞེས་བརྗོད།
“ཨ་རི་དང་ཀྲུང་གོས་ལོ་རྒྱུས་དཔྱད་གཞིར་བཟུང་སྟེ་དེ་བས་བློ་གྲོས་ལྡན་པའི་བྱེད་ཐབས་སྤྱད་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཐག་གཅོད་བྱེད་དགོས”
ཨ་རིའི་ཧ་ཧྥོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཨའེ་ལི་སེན་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། “ཨ་རི་དང་ཀྲུང་གོས་ལོ་རྒྱུས་དཔྱད་གཞིར་བཟུང་སྟེ། དེ་བས་བློ་གྲོས་ལྡན་པའི་བྱེད་ཐབས་སྤྱད་ནས། ཕྱོགས་གཉིས་པོའི་འབྲེལ་བ་ཐག་གཅོད་དང་། བརྟན་ལྷིང་གི་རྨང་གཞི་འདིང་བ། འགྲན་རྒོལ་གྱི་རྣམ་པ་སེལ་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས”ཞེས་དང་། ཁོང་གིས། “ཨ་རི་དང་ཀྲུང་གོས‘ཤིའུ་ཞི་ཏི་ཏེ་དོང་རྙིར’མ་ཚུད་པར་བྱས་ནས། མཉམ་རོགས་ཀྱི་ལམ་བུ་ཡང་དག་འཚོལ་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་རེད”
ཅེས་བརྗོད། ཁོང་གིས་འགྲེལ་བཤད་དེ་ལས་ཁ་གསལ་བ་བརྒྱབ་པ་སྟེ། ངས“ཤིའུ་ཞི་ཏི་ཏེ་དོང་རྙི”ཞེས་པའི་ཐ་སྙད་འདི་དྲངས་དགོས་དོན་ནི། གསར་དར་རྒྱལ་ཁབ་ཆེན་པོ་དང་སྔ་སྲོལ་དམ་སྲུང་གི་རྒྱལ་ཁབ་ཆེན་པོའི་དབར་གྱི་གདོང་གཏུག་གི་ཉེན་ཁར་ཉེན་བརྡ་གཏོང་ཆེད་ཡིན། ལོ་རྒྱུས་ལ་བལྟས་ན། དེ་གཉིས་དབར་གྱི་གདོང་གཏུག་ནི་འགོག་ཐབས་མེད་པ་ཞིག་མ་རེད་ཅེས་བརྗོད།
ཉེ་ཆར། ཨ་རིའི་ཁུན་ཤིས་རྒྱལ་སྐྱོང་འཆར་གཞི་ཆེ་མོའི་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། ཨ་རིའི་རྒྱལ་ནང་དུ་ཨ་རི་དང་ཀྲུང་གོས་ཕྱོགས་ཡོངས་ནས་འབྲེལ་ཐག་གཅོད་པ་དང་འབྲེལ་གཏུག་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན་པ་དང་འབྲེལ་བའི་གཏམ་བརྗོད་ཡོད་པ་དེ་ཨ་ཀྲུང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཕན་ཐོགས་མེད། “ཨ་རི་དང་ཀྲུང་གོས་གཉིས་ཕན་ཡོང་བ་ལས་ཟུར་འབུད་མི་བྱེད་པའི་དཔལ་འབྱོར་གྱི་འབྲེལ་བ་གསར་པ་འཛུགས་དགོས”ཞེས་འཁོད་ཡོད་པ་རེད།
“ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཅིག་ལ་གཅིག་བརྟེན་ཡིན་པས་རྒྱལ་ཁབ་གཉིས་དབར་གྱི་རིན་ཐང་འཁོར་སྦྲེལ་དམ་ཟབ་ཡོད་པ་དེ་རྦད་དེ་གཅོད་རྩིས་བྱེད་པ་ནི་ཧ་ཅང་ཐབས་རྡུགས་པོ་ཞིག་རེད”
ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་མང་པོ་བསྐྲུན་ཡོད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོའི་ཉོ་ཚོང་གྲངས་འབོར་ལྡབ་200ལྷག་ཙམ་འཕར་ཡོད། ཀྲུང་གོའི་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བསྡོམས་རྩིས་བྱས་པར། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཀྲུང་གོ་དང་ཨ་རིའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་4.44ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད་པ་རེད། མིག་སྔར། ཀྲུང་གོ་དང་ཨ་རིའི་དབར་ཕན་ཚུན་མ་འཇོག་གི་གསོག་འབོར་ཨ་སྒོར་དུང་ཕྱུར་2600ལྷག་ཙམ་ཟིན་ཞིང་། ཨ་རིའི་ཁེ་ལས་ཁྲི་7ལྷག་ཙམ་གྱིས་ཀྲུང་གོར་མ་འཇོག་ལས་དར་བྱས་པར། ལོ་རེའི་ཁེ་སྤོགས་ཨ་སྒོར་དུང་ཕྱུར་500ཟིན་པ་དང་། ཀྲུང་གོའི་མ་འཇོག་གིས་ཀྱང་ཨ་རིའི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ། ཨ་རིའི་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། ཨ་རིའི་ཁེ་ལས་མང་པོ་ཀྲུང་གོར་ཡོང་ནས་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀོང་ཀྲོའུ་ཚོང་འདུས། རྒྱལ་སྤྱིའི་འཁོར་སྦྲེལ་དངོས་མང་སྟོན་ཚོགས་སོགས་དཔལ་འབྱོར་ཚོང་དོན་བྱེད་སྒོ་ཆེ་གྲས་ནང་ཧུར་ཐག་ཞུགས་ཏེ། ཀྲུང་གོར་མུ་མཐུད་མ་འཇོག་དང་། བརྩོན་ཞིབ། གྲུབ་འབྲས་གཏོད་པ་བཅས་བྱས་ཡོད། ཨ་རིའི་ཨན་ཏ་ཚོགས་པའི་ཏུང་ཧྲི་ཀྲང་ཨའེ་ཝུན·ཀེ་ལིན་པོ་ཀེས་ཨ་རིའི《ཕྱི་འབྲེལ་སྲིད་ཇུས》དུས་དེབ་ཐོག་རྩོམ་ཡིག་སྤེལ་ནས། “ཨ་རིས་ཀྲུང་གོར་འཛིན་པའི་འཐབ་ཇུས་ལ་ངེས་པར་དུ་འགྱུར་ལྡོག་གཏོང་དགོས”ཞེས་བརྗོད་ཡོད། ཀེ་ལིན་པོ་ཀེས“ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཅིག་ལ་གཅིག་བརྟེན་ཡིན་པས། རྒྱལ་ཁབ་གཉིས་དབར་གྱི་རིན་ཐང་འཁོར་སྦྲེལ་དམ་ཟབ་ཡོད་པ་དེ་རྦད་དེ་གཅོད་རྩིས་བྱེད་པ་ནི་ཧ་ཅང་ཐབས་རྡུགས་པོ་ཞིག་རེད། དེ་ནི་སྤྱིར་ན་མངོན་འགྱུར་དཀའ་བ་མ་ཟད། ད་དུང་ཨ་རིའི་དཔལ་འབྱོར་ལའང་གྱོང་གུན་བཟོ་སྲིད་པའི”ངོས་འཛིན་བྱེད་ཀྱི་ཡོད།
“ཐུན་མོང་འབད་འཐབ་བྱས་ནས་ཨ་ཀྲུང་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བརྩོན་ལེན་བྱེད་དགོས”
མི་རིང་བའི་གོང་། ཨ་རིའི་ཆེད་སྒྲིག་ལེ་ཚན་གྱི་རྩོམ་པ་པོ་ཐུའོ་མཱ་སི·ཧྥུའུ་ལི་ཏེ་མན་གྱིས་ཨ་རིའི《ཉིའུ་གཡོད་སྐབས་དོན་ཚགས་པར》ཐོག་རྩོམ་ཡིག་སྤེལ་ནས། “གལ་ཏེ་བརྟན་ལྷིང་ལྡན་པའི་དུས་རབས་21པ་ཞིག་མངོན་འགྱུར་ཡོང་དགོས་ན། ཨ་རི་དང་ཀྲུང་གོས་ངེས་པར་དུ་མཉམ་ལས་བྱེད་དགོས། གལ་ཏེ་འགྲན་རྒོལ་གྱིས་འགྲན་རྩོད་དང་མཉམ་ལས་ཀྱི་ཚབ་བྱས་ཚེ། ང་ཚོ་རྒྱལ་ཁབ་གཉིས་ལ་ཟང་ཟིང་གི་དུས་རབས་21པ་ཞིག་འཕྲད་ངེས་རེད”ཅེས་བརྗོད་པ་དང་། ཁོང་གིས། འཛམ་གླིང་ལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མི་ཐབས་རིག་ནུས་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་འཕྲད་བཞིན་ཡོད་པས། ཨ་རི་དང་ཀྲུང་གོས་མཉམ་ལས་བྱས་ན་འཛམ་གླིང་ལ་རེ་བ་སྦྱིན་ཐུབ་ཅེས་བརྗོད་པ་རེད།
ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་སི་ཏི་ཧྥུན·ཨོའུ་ལུན་སིས་ཀྲུང་གོ་དང་ཨ་རིའི་ཞིབ་འཇུག་ལྟེ་གནས་སུ་གཏམ་བཤད་སྤེལ་སྐབས། ཨ་ཀྲུང་འབྲེལ་བར་དཀའ་ངལ་ཇི་ཙམ་འཕྲད་ཚེ། དེ་ཙམ་གྱིས་བློ་སྟོབས་ཆེར་སྐྱེད་ཀྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཨ་ཀྲུང་དབར་གྱི་དགེ་མཚན་རང་བཞིན་དང་ཕན་འབྲས་ལྡན་པའི་འབྲེལ་བས། ཨ་རིའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་སྐྲུན་ཐུབ།“ཕྱོགས་ཁག་གིས་ཐུན་མོང་འབད་འཐབ་བྱས་ནས། ཨ་ཀྲུང་འབྲེལ་བ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བརྩོན་ལེན་བྱེད་དགོས”ཞེས་བརྗོད་པ་རེད།
(བསྟན་འཛིན་བཟང་མོས་བསྒྱུར། ཚེ་སྒྲོལ་དང་བསྟན་བཟང་གིས་ཞུས)