འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་འཚོགས་པའི་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོར་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་ཐོན་སྐྱེད་ཀྱི་གཞི་ཁྱོན་སླར་ཡང་མཐོ་ཤོས་བཏོད་ནས་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་སྔར་བས་ཕྱིན་ཡོད། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱིས་ལོ་ཧྲིལ་པོར་སྐྱེལ་འདྲེན་འཁོར་སྐྱོད་བསྡོམས་འབོར་སྤྱི་ལེ་ཏུན་དུང་ཕྱུར་1485.2དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་7.3 དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་898.2བཅས་ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་25%དང་། 17.9% 22.1%བཅས་སོ་སོར་འཕར་བ་དང་། 2019ལོ་ལས་14.8%དང་། 10.6% 19.3%བཅས་སོ་སོར་འཕར་ཡོད།
2024ལོར་དམངས་སྤྱོད་མཁའ་འགྲུལ་གྱིས་ཕྱི་ཕྱོགས་སྒོ་འབྱེད་ལ་ཞབས་འདེགས་ཧུར་ཐག་ཞུས་པ་དང་། རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་གཟའ་འཁོར་རེར་ཐེངས་6400བར་མང་དུ་བཏང་ནས་རིམས་ནད་མ་བྱུང་གོང་གི་84%བར་སླར་གསོ་བྱུང་བ་དང་། རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་29.3%འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་མཁའ་འགྲུལ་ས་ཚིགས་19གསར་དུ་བསྣན་ནས་རང་རྒྱལ་ནས་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ནུབ་མ། ཡོ་རོབ་བཅས་ཀྱི་ཕྱོགས་སུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2019ལོའི་ཆུ་ཚད་ལས་བརྒལ་ནས152.4%དང་། 49.5% 25.7%བཅས་སོ་སོར་འཕར་ཡོད།
2024ལོ་ནས་བཟུང་། དམངས་སྤྱོད་མཁའ་འགྲུལ་གྱིས་C919དངC909གནམ་གྲུའི་ལག་ཁྱེར་སྤྲད་རྗེས་མཁའ་འགྲུལ་དང་འཚམ་པའི་ཞིབ་བཤེར་གཏན་འཁེལ་ལེགས་སུ་གཏོང་བའི་ལས་དོན་མུ་མཐུད་ལེགས་པོ་བསྒྲུབས་ནས། རྒྱལ་ཐོན་དམངས་སྤྱོད་གནམ་གྲུ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱས་ཡོད། མིག་སྔར་C909བདེ་འཇགས་འཁོར་སྐྱོད་ཆུ་ཚོད་ཁྲི་50ལས་བརྒལ་བ་དང་། C919ཡིས་འགྲུལ་པ་མི་ཐེངས་ཁྲི་100ལྷག་ཙམ་སྐྱེལ་འདྲེན་བྱས་པར་རྒྱལ་ཐོན་གནམ་གྲུ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དང་སྤྱོད་མཁན་མང་བའི་གཉེར་སྐྱོང་གི་དུས་མཚམས་གསར་པར་སླེབས་ཡོད།