འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲང་ཆིན་དང་ཝང་ཅིན་ཐའོ།
ཀན་སུའུ་ཐེན་ཧྲུའེ་གྲོང་ཁྱེར་མའེ་ཅི་ཆུས་ཧྭ་ཉིའུ་གྲོང་རྡལ་ལུའོ་ཅ་ཀོའུ་གྲོང་ཚོའི་ས་བབ་མཐོ་ཚད་ལ་སྨི་1500ཟིན་པའི་ལུང་ཤུར་དེར་མ་ཕྱིན་ན“ཀུ་ཤུའི་ལྕགས་ལམ”ཞིག་ཡོད་པ་མཐོང་ག་ལ་སྲིད།
རིང་ཚད་ལ་སྤྱི་ལེ་6.1ཡོད་པའི་ལྕགས་ལམ་དེ་རི་ཁུལ་གྱི་འབུར་ཐང་130ལྷག་ཙམ་དང་འབྲེལ་ཡོད་ལ་ཤིང་འབྲས་ལྡུམ་ར་མུའུ་710སྦྲེལ་མཐུད་བྱས་ཡོད།
ཟླ་1ཚེས་13ཉིན། གནམ་གཤིས་ཡག་པོ་ཡོད་པ་དང་བསྟུན་ནས་ཐེན་ལི་རེན་ཤིང་འབྲས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཏུང་ཐེན་ཨེན་གྱིས་ལྕགས་ལམ་སྐྱེལ་འདྲེན་མེ་འཁོར་བཀོད་གཏོང་བྱས་ནས་རིར་ལུད་སྐྱེལ་བར་བྲེལ་བཞིན་ཡོད་པ་དང་། ཁོང་གིས“ལྡུམ་རར་གཡོག་བྱེད་བྱེད་ཞོར་ཞིང་ལས་རྒྱུ་ཆ་གྲ་སྒྲིག་བྱས་ནས་དཔྱིད་གསར་རྗེས་ལུད་རྒྱག་རྒྱུར་སྒུག་ནས་བསྡད་ཡོད”ཅེས་བཤད།
“ན་ནིང་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་ང་ཚོའི་ལྷོ་རིའི་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞིར་རྟོག་ཞིབ་གནང་བར་ཕེབས་ནས་ང་ཚོར‘ཁྱད་ལྡན་ཐོན་ལས་འདི་སྔར་བས་སྟོབས་ཆེར་གཏོང་དགོས’ཞེས་སྐུལ་ལྕག་གནང་སྐབས་ང་རང་དེ་གར་ཡོད”ཨེར་ཧྲི་ལི་ཕུའུ་གྲོང་ཚོའི་ཤིང་འབྲས་འདེབས་འཛུགས་དུད་ཆེན་ཝུའུ་ཀྲེང་ཆོན་གྱིས་སེམས་ལ་བརྟན་པོར་ངེས་ཡོད།
“ད་ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཐན་ཧྲུའེ་ཡི་ཧྭ་ཉིའུ་ཀུ་ཤུ་ཆེ་ལ་དམར’ཞེས་བསྔགས་བརྗོད་གནང་བ་ཐོས་སྐབས་དགའ་ཚོར་ཆེན་པོ་བྱུང”ཝུའུ་ཀྲེང་ཆོན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན“ལྕགས་ལམ་ཤར་གཏོང་ཐུབ་པས་ཧྭ་ཉིའུ་ཀུ་ཤུ་དེ་བས་བྲིན་ཁ་རྒྱུག་པོ་ཡོང་ངེས་རེད”ཅེས་བཤད།
“ལྕགས་ལམ་དེ་ན་ནིང་ཟླ་9པར་ཤར་གཏོང་ཐུབ་པས་ཀུ་ཤུའི་ཚོང་ལམ་རྒྱ་ཆེར་ཕྱིན་ནས་ང་ཚོའང་བློ་བདེ་པོ་བྱུང”ཞེས་ཏུང་ཐེན་ཨེན་གྱིས་ལྕགས་ལམ་ལ་མཛུབ་མོ་འཛུགས་བཞིན་དེ་སྔ་རི་མཐོ་ལ་གཡང་གཟར་བས་མིས་སྒལ་པར་འཁུར་བ་དང་དེ་ནས་རླངས་འཁོར་ལ་དབོར་ན་གཞི་ནས་རི་གཤམ་དུ་འབྱོར་ཞིང་། ལམ་བར་དུ་ཀུ་ཤུ་རྡབ་ནས་རྨ་མང་པོ་བཟོ་གི་ཡོད། ད་ལྟ་ཤིང་འབྲས་འཐུས་མ་ཐག་ལྕགས་ལམ་བརྒྱུད་ནས་གྲང་མཛོད་ནང་དུ་འཇུག་ཆོག
ཧྭ་ཉིའུ་ཀུ་ཤུ་དེ་བས་བྲིན་ཁ་རྒྱུག་ཏུ་སོང་བ་དེ་དངུལ་རྩའི་གསོན་ཤུགས་དང་ཁ་འབྲལ་ཐབས་མེད།
ཝུའུ་ཀྲེང་ཆོན་གྱིས“ཤིང་འབྲས་ལྡུམ་རའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་སྤུས་ཚད་ལེགས་སུ་ཕྱིན་པ་ནི‘ཀུ་ཤུའི་དངུལ་བུན”གྱི་རོགས་རམ་ཆེན་པོ་ལས་བྱུང་། དེའི་སྐྱེད་ཀ་དམའ་བ་དང་དངུལ་བུན་འཇལ་སྟངས་སྟབས་བདེ་པོ་ཡོད་པ་སྟེ། སྒོར་ཁྲི་50ནང་ཚུན་ཡིན་ཚེ་ཡིད་རྟོན་ལ་བརྟེན་ནས་དངུལ་བུན་གཡར་ཐུབ་ཅེས་བཤད།
ལྷོ་རིའི་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞིའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་15ལས་བརྒལ་ཡོད། ཉེ་བའི་ལོ་གསུམ་ནང་ཞིང་ལས་དངུལ་ཁང་ཐེན་ཧྲུའེ་ཡན་ལག་དངུལ་ཁང་གིས་དངུལ་བུན་སྒོར་དུང་ཕྱུར་2.75བཏང་ནས་འདེབས་རྒྱ་ཆེ་རུ་བཏང་བ་དང་། ཞིང་འཕྲུལ་ཉོ་བ། ལུད་ཉོ་བ་བཅས་བྱས་པས་རྟེན་གཞིའི་མཉམ་ལས་ཁང་གི་ཚོགས་མི་200ལྷག་ཙམ་དང་ཨེར་ཧྲི་ལི་ཕུའུ་གྲོང་ཚོའི་གྲོང་མི་300ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ད་ལོ་ད་དུང“ཤིང་འབྲས་ལྡུམ་རའི་གནོད་འཚེ་སྔོན་འགོག་གི་དངུལ་བུན”ཁྱབ་གདལ་བཏང་བས་ཀུ་ཤུའི་ཐོན་ལས་ལ་སྲུང་སྐྱོབ་རྒྱུན་མཐུད་ཐུབ་རྒྱུ་རེད།
ཧྭ་ཉིའུ་ཀུ་ཤུ་དེ་བས་བྲིན་ཁ་རྒྱུག་ཏུ་ཕྱིན་པ་དང་གསར་དར་ལས་རིགས་ཀྱང་དར་རྒྱས་བྱུང་ཡོད།
ཀུ་ཤུ་ཡག་པོ་ཞིག་ལ་རིན་གོང་མཐོ་པོ་གང་འདྲ་བྱས་ནས་ཡོང་བ་བྱེད་དགོས་སམ། དགོས་མཁོ་དང་། ལོ་རེའི་འཐུ་བའི་དུས་ཚིགས། མཉམ་ལས་ཁང་གིས“ཆ་འཕྲིན་པ”མངགས་པ་བཅས་ལ་དམིགས་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་བཅས་ཕྱིར་འཚོང་བྱ་ཡུལ་གཙོ་བོར་བྱས་ཏེ་འཛད་སྤྱོད་ཀྱི་དགོས་མཁོ་ཤེས་རྟོགས་བྱས་ནས་ཤིང་འབྲས་ཀྱི་ཆེ་ཆུང་དང་། ཁ་དོག མངར་ཆ་ལྡན་ཚད་བཅས་ལ་གཞིགས་ཏེ་རིམ་དབྱེ་རིགས་དབྱེ་བྱེད་པ་དང་ཁ་ཕྱོགས་གཏན་འཁེལ་གྱིས་ཚོང་ཟོག་མཁོ་འདོན་བྱེད་ཀྱི་ཡོད།
“ཀུ་ཤུ་ཚང་མར་འཚོང་ས་ཡག་པོ་ཞིག་རྙེད་ཆེད། དྲ་ཕྱིར“མི་སྒེར་གྱིས་མངགས་ཉོ”དང་ལེན་བྱས་པར་ཤིང་འབྲས་འདེབས་མཁན་ཞིང་པ་ཁྲི་4ལྷག་ཙམ་ལ་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ལྷོ་རིའི་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞིའི་ལོ་རེའི་མི་རེའི་ཆ་སྙོམས་ཤིང་འབྲས་ཀྱི་ཡོང་འབབ་ཁེ་གཙང་སྒོར་8700ལས་བརྒལ་ཡོད།
བྲིན་ཁ་རྒྱུག་པའི་ཧྭ་ཉིའུ་ཀུ་ཤུའི་དྲི་ཞིམ་ཕྱི་རྒྱལ་དུ་འཐུལ་ཞིང་། ད་ཆ་ང་ཚོར་ཕྱི་རྒྱལ་དུ་མཛོད་ཁང་4ཡོད་པ་དང་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད། ཐེན་ཧྲུའེ་ཅ་ཝུའེ་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཡན་ཀང་གིས་2024ལོར་ཕྱིར་ཚོང་གྲངས་འབོར་50%འཕར་ནས་ཕྱི་དངུལ་སྒོར་དུང་ཕྱུར་ལ་ཉེ་བ་གཏོད་པ་དང་ཕྱིར་ཚོང་གྲངས་འབོར་བཅུ་ཆ་དྲུག་ཚང་མ་ཧྭ་ཉིའུ་ཀུ་ཤུ་ལས་བྱུང་བ་རེད་ཅེས་བཤད།
མའེ་ཅི་ཆུས་ཤིང་འབྲས་ལས་རིགས་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཀའོ་ཡུང་ཤིན་གྱིས་རང་ཉིད་ཤིང་འབྲས་ཀྱི་གཡོག་བྱེད་པ་ཡིན་ཞེས་བརྗོད་ཀྱི་ཡོད། ཤིང་སོན་རྒྱུད་སྤེལ་ཁེ་ལས་2དང་། ཀུ་ཤུ་རིམ་དབྱེ་ཐུམ་སྒྲིལ་གྱི་ཐོག་མའི་ལས་སྣོན་ཁེ་ལས་73 མཛོད་ཉར་གཙོ་གནད་ཀྱི་སྣེ་འདྲེན་ཁེ་ལས་22 ཀུ་ཤུ་ལས་སྣོན་ཞིབ་ཚགས་ཁེ་ལས་2སོགས་ཀྱིས་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་ལ་བརྟེན་པས། ཀའོ་ཡུང་ཤིན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན“དུས་རབས་གསར་པར་ལས་ཀ་ཧུར་ཐག་བྱས་ནས་ཧྭ་ཉིའུ་ཀུ་ཤུ་དེ་བས་བྲིན་ཁ་རྒྱུག་པོ་ཡོང་བ་བྱེད་ཀྱི་ཡིན”ཞེས་བཤད།
(བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)