འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། སྨན་རྫས་གསར་པར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་དེ་བས་ནུས་ལྡན་གྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་འདོན་རྒྱུ་ཡིན་པ་རེད།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་རྫས་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྨན་རྫས་ཁེ་ལས་ཁག་གཅིག་དང་སྨན་རྫས་གསར་པའི་འཕེལ་རྒྱས་གནས་ཚུལ་ལ་སྤེལ་རེས་བྱས་པ་དང་། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་རྫས་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས། “1+3+N”གྱི་རིམ་པ་མང་བའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་སྨན་རྫས་གསར་པ་གཏོང་སྤྲོད་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དང་། སྨན་རྫས་རིགས་ག་པའི་དཀར་ཆག་འཚོལ་ཞིབ་ཀྱིས་བཟོས་ཏེ་དམངས་ཕན་རྣམ་པའི་ཚོང་ལས་བདེ་ཐང་འགན་བཅོལ་གྱིས་སྨན་རྫས་གསར་པ་འགན་སྲུང་འགན་འཁྲིའི་ནང་འཇུག་རྒྱུར་ཁྲིད་སྟོན་བྱ་རྒྱུ། སྨན་རྫས་གསར་པའི་ཐོག་མའི་རིན་གོང་དོ་དམ་དང་དྲ་ཐོག་ཉོ་སྒྲུབ་ཀྱི་བརྒྱུད་རིམ་ལེགས་སུ་བཏང་ནས་དྲ་ཐོག་ཉོ་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ། སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་མུ་མཐུད་སྟབས་བསྟུན་ལེགས་སྒྲིག་བྱས་ཏེ། ཆ་རྐྱེན་མཐུན་པའི་སྨན་རྫས་གསར་པ་དུས་ཐོག་ཏུ་བཅུག་ནས་ཁེ་ལས་ཀྱི་སྔོན་དཔག་བརྟན་དུ་གཏོང་རྒྱུ། དམིགས་འཛུགས་སྨན་བཅོས་སྒྲིག་གཞི་དང་སྨན་རྫས་སིལ་ཚོང་ཁང་གིས་སྨན་སྦྱོར་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྨན་རྫས་གསར་པ་ནད་ཐོག་ཏུ་སྤྱོད་པར་སྐུལ་མ་གཏོང་རྒྱུ། སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལས་སྟེགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་སྤྱད་དེ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་རང་འགུལ་ངང་ཆེ་རུ་བཏང་ནས་སྨན་རྫས་ཐོན་ལས་ཀྱིས་རྒྱལ་ཁབ་གཞན་དུ་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ར་འཚོལ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།
(སྐལ་བཟང་མཆོག་སྐྱིད་ཀྱིས་སྒྱུར་ཞུས་བྱས)