ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒན་གསོའི་ཞབས་ཞུའི་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་པ་དང་གཞི་རྩའི་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བར་དམིགས་ནས་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་བཏོན་ཡོད། ཟླ་1ཚེས་9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒན་གསོའི་ཞབས་ཞུ་སྒྱུར་བཅོས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ངོ་སྤྲོད་དང་གསལ་འགྲེལ་བྱས་པ་རེད།
《བསམ་འཆར》ནང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས་པ་ཐོག་མར་བཏོན་ཡོད། ཚོགས་འདུའི་ཐོག་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཐང་ཁྲེང་ཕེ་ཡིས་བྱེད་ཐབས་དེའི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་བྱས་ཤིང་། 《བསམ་འཆར》གྱི་བཀོད་སྒྲིག་ལྟར་ན། 2029ལོར་སླེབས་སྐབས་རྒན་གསོའི་ཞབས་ཞུའི་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་2035ལོར་སླེབས་སྐབས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུ་རེད། འཛུགས་སྐྲུན་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ་བརྒྱུད་རྒན་གསོའི་ཞབས་ཞུའི་དྲ་རྒྱ་སྔར་བས་བརྟན་དུ་ཕྱིན་ནས་རྒན་གསོའི་ཞབས་ཞུའི་དགོས་མཁོ་བརྟན་པོའི་ངང་སྐོང་ཐུབ་པ་བྱེད་དགོས།
“གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་པའི་འགག་རྩའི་སྒྱུར་བཅོས་བྱེད་ཐབས་ཤིག་རེད། རྫོང(ཆུས)རྒྱལ་ཁབ་བཅོས་སྐྱོང་གི་གཞི་རྩའི་ཚན་པ་ཡིན་པའི་ངེས་གནས་ཀྱི་བླང་བྱ་དང་མཐུན་པ་དང་། རྒན་གསོའི་ཞབས་ཞུ་གཞི་རིམ་དུ་གཙོ་བོར་འཛིན་པའི་ཆོས་ཉིད་ཀྱི་ཁྱད་ཆོས་དང་མཐུན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པ་དང་རྒན་རྒོན་མང་ཆེ་བ་རྒྱུས་མངའ་ཡོད་པའི་ཁོར་ཡུག་ནང་ཚེ་མཇུག་བདེ་ལ་རོལ་དུ་འཇུག་དགོས”ཞེས་ཐང་ཁྲེང་ཕེ་ཡིས་བརྗོད།
གྲོང་གསེབ་ཀྱི་རྒན་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་རྒན་རྒོན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་འབྲེལ་བ་ཡོད། ཞིང་ལས་དང་གྲོང་གསེབ་པུའུ་གྲོང་གསེབ་སྤྱི་ཚོགས་བྱ་གཞག་སྐུལ་འདེད་སིའི་སི་ཀྲང་ཐང་ཁེས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཞན་ཆ་མགྱོགས་མྱུར་གསབ་པ་སོགས་ཀྱི་གནད་དོན་ཐད་ལན་ཁ་གསལ་བཏབ་ཡོད།
“བཟའ་བཏུང་ཞབས་ཞུ་དང་། ལུས་འཁྲུའི་ཞབས་ཞུ། སྨན་བཅོས་རོགས་རམ། གཙང་སྦྲའི་ཞབས་ཞུ། ཕྱིར་སྐྱོད་ཞབས་ཞུ། འཕྲལ་མཁོའི་རོགས་རམ་སོགས་ཞིང་པ་མང་ཚོགས་ཀྱི་འཕྲལ་མཁོའི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དར་མ་དང་རྒན་རྒོན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དབུལ་ལོག་དང་དབུལ་གྱུར་གྱི་ཉེན་ཁ་འགོག་སེལ་བྱེད་དགོས”ཐང་ཁེ་ཡིས“གྲོང་གསེབ་ཀྱི་གཞིས་ལུས་དང་། ལོ་ན་མཐོ་བ། ཁེར་རྐྱང་དུ་སྡོད་མཁན། ཚང་སྟོང་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ཚོགས་སྤྱི་གཙོ་གནད་དུ་བཟུང་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་འཚམས་འདྲི་དང་གཅེས་སྐྱོང་ཞབས་འདེགས་ཞུས་ནས་ཆེད་དོན་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོབ་སོགས་རོགས་སྐྱོར་བྱེད་ཐབས་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས”ཞེས་བརྗོད།
ཁྱིམ་ཚང་རྒན་གསོ་དང་། སྡེ་ཁུལ་རྒན་གསོ། ལས་ཁུངས་རྒན་གསོ་བཅས་ནི་མིག་སྔའི་རྒན་གསོའི་བྱེད་ཐབས་གཙོ་བོ་གསུམ་རེད། 《བསམ་འཆར》གྱིས་རྒན་གསོའི་ཞབས་ཞུ་རིགས་གསུམ་གྱི་འབྲེལ་མཐུད་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་སྒྱུར་བཅོས་ཀྱི་གཙོ་གནད་དུ་བྱས་ཏེ། རིགས་ཁག་གི་རྒན་གསོའི་ཞབས་ཞུའི་ནུས་པ་ཁ་གསལ་བཟོས་ནས་རྒན་རྒོན་གྱི་ཕྱོགས་ཡོངས་ཀྱི་དགོས་མཁོ་དང་། ཚེ་སྲོག་འཁོར་ཡུན་ཧྲིལ་པོ། འཚོ་བའི་རྣམ་པ་ཡོངས་བཅས་ཀྱི་རིགས་ཁག་གི་རྒན་གསོའི་ཞབས་ཞུ་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། རྒན་རྒོན་ཚོ་ཁྱིམ་ཚང་དང་། སྡེ་ཁུལ། ལས་ཁུངས་བཅས་ནས་སྤུས་ཚད་མཐོ་བའི་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་བྱེད་དུ་འཇུག་དགོས།
རྒན་གསོའི་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་པའི་ནོར་སྲིད་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། 2019ལོ་ནས་2024ལོའི་བར། རྒྱལ་ཡོངས་ནོར་སྲིད་ཀྱིས་རྒན་གསོའི་ཞབས་ཞུ་དང་རྒན་རྒོན་གྱི་ཕན་བདེའི་ཐད་གཏོང་ཚད་སྒོར་དུང་ཕྱུར་5600ལས་བརྒལ་ནས་ལོ་རེར་11%འཕར་ཡོད།