ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་7ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། ཚོང་དོན་སྡེ་ཚན་གྱིས་གེགས་ཁུལ་གྱི་འཚོ་བའི་མཁོ་ཆས་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
ཚོང་དོན་པུས་འཕྲལ་དུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ། ཁྲོམ་རའི་ལྟ་ཞིབ་ཚད་ལེན་དང་དངོས་ཟོག་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གེགས་ཁུལ་ལ་དམ་པོར་དམིགས་པ། གཙོ་གནད་མཁོ་སྤྲོད་འགན་ལེན་ཁེ་ལས་627སྒྲིག་འཛུགས་བྱས་ནས་འཕྲལ་སྡོམ་རྣམ་པར་བསྒྱུར་བ། ཚོང་ཟོག་ཡོང་ཁུངས་སྒྲིག་འཛུགས་དང་ཚོང་ཟོག་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འབྲུ་སྣུམ་དང་། སྔོ་ཚལ། ཤ་སོགས་འཚོ་བའི་མཁོ་ཆས་ཏུན་ཁྲི་74.3དོན་འཁྱོལ་བྱས་པ་དང་། མཐའ་འཁོར་ནས་ཀྲུང་དབྱང་གྲབས་གསོག་ཕག་ཤ་ཏུན་2000དང་། ལུག་ཤ་དང་ཚགས་ཤའི་འཁྱགས་ཤ་ཏུན་1600 མཐའ་ཁུལ་འཚོང་ཇ་ཏུན་2250བཅས་བཀོད་གཏོང་བྱས་ནས་གཏོང་འདྲེན་ལ་གྲ་སྒྲིག་ཡག་པོ་བྱས་ཡོད། འཕྲལ་སྡོམ་དོ་དམ་པུའུ་དང་མཉམ་དུ་ཨའེ་ཏེ་ཐེབས་རྩ་ལྷན་ཚོགས་དང་། ཐེང་ཤུན་ཐེབས་རྩ་ལྷན་ཚོགས། ཐེབས་རྩ་ལྷན་ཚོགས་ཀྱི་གེགས་སེལ་མཐུན་སྦྱོར་ལྷན་ཚོགས། ཀྲུང་དབྱང་གྲབས་གསོག་མཐའ་ཁུལ་འཚོང་ཇའི་གསོག་འཇོག་འགན་ལེན་ཁེ་ལས་བཅས་དང་མཐུན་སྦྱོར་བྱས་ཏེ། མཐའ་ཁུལ་འཚོང་ཇ་རྒྱ་མ་ཁྲི་5གེགས་ཁུལ་དུ་དབོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྐྱེལ་ཐུབ་པར་རོགས་རམ་བྱས་ཡོད།
འབྲེལ་ཡོད་ས་གནས་ཀྱི་ཚོང་དོན་གཙོ་སྐྱོང་སྡེ་ཚན་གྱིས་མཉམ་སྦྲེལ་མཉམ་སྤྲོད་ལམ་སྲོལ་ལ་བརྟེན་ནས་འཕྲལ་སྡོམ་བཟའ་བཅའ་དང་གྲང་འགོག་དངོས་ཟོག་འཕྲལ་དུ་བཀོད་སྒྲིག་དང་། བཟའ་བཏུང་ཁེ་ལས་ཀྱིས་བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་དང་རོགས་སྐྱོབ་པར་ཁ་ལག་ཚ་པོ་བཟོས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་ཡོང་བར་ཁྲིད་སྟོན་བྱས་ཡོད།
འབྲེལ་ཡོད་ས་གནས་ཀྱི་ཚོང་དོན་གཙོ་གཉེར་སྡེ་ཚན་གྱིས་གེགས་ཁུལ་དུ་སྟབས་བདེའི་ཐུག་པ་དང་། གཏེར་ཆུ། མེན་པའོ། རྩམ་པ། མར་སོགས་བཟའ་བཅའི་རིགས་སྒམ་ཁྲི་15.3དང་དེ་བཞིན་གློག་གི་གདན་དང་། ཐབ། སྲིང་བལ་མལ་ཆས། སྲིང་བལ་གྱོན་གོས། ཀམ་པ་ལི་སོགས་དངོས་ཟོག་ཁྲི་7.3གཏོང་འདྲེན་བྱས་ཡོད། མིག་སྔར་ས་གནས་དེ་གའི་འཚོ་བའི་མཁོ་ཆས་མཛོད་ཉར་འདང་ངེས་ཡོད་ལ་ཁྲོམ་རའི་མཁོ་སྤྲོད་ཀྱང་བརྟན་པོ་ཡོད་པ་རེད།