《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月11日

ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལ་བརྟེན་ནས་ཉེན་གྱར་མང་ཚོགས་407འཚོལ་སྐྱོབ་ཐུབ་པ།

ས་ཡོམ་རྒྱག་ཁུལ་གྱི་གློག་དང་། འཕྲིན་གཏོང་། གཞུང་ལམ་བཅས་སྤྱིར་ན་སླར་གསོ་བྱུང་བ།

འདི་ནི་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་གཅེས་སེམས་ཁེ་ལས་ཀྱི་ལས་དོན་པས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རིན་མེད་ངང་ལྷེབ་ཐུག་སྐོལ་བཞིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་སེལ་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། ས་ཡོམ་རྗེས་ཀྱི་རོགས་སྐྱོབ་དང་འཚོལ་སྐྱོབ་ལས་དོན་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་ལ་བསྒྱུར་ནས། གནོད་འཚེ་ཕོག་པའི་མང་ཚོཌ་ཀྱི་བཀོད་སྒྲིག་དང་མཚན་མོ་དང་དགུན་ཁའི་དྲོད་སྲུང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།

ས་ཡོམ་བརྒྱབ་པ་ནས་བཟུང་། ཕྱོགས་ཁག་གི་རོཌ་སྐྱོབ་སྟོབས་ཤུགས་མི་ཁྲི་1.2ལྷག་ཙམ་གྱིས་རོགས་སྐྱོབ་བྱས་ནས་ཉེན་གྱར་མང་ཚོགས་ཁྱོན་407འཚོལ་སྐྱོབ་ཐུབ་པ་དང་མི་སྣ་འཚོལ་སྐྱོབ་ལས་དོན་སྤྱིར་ན་མཇུག་འགྲིལ་ཞིང་། དིང་རི་རྫོང་དུ་ཡུལ་སྐོར་བྱེད་མཁན་484ཚང་མ་གཞིས་རྩེ་གྲོང་ཁུལ་དུ་ཕྱིར་ལོག་པ་དང་ཤི་རྨས་ཀྱི་གནས་ཚུལ་གང་ཡང་བྱུང་མེད། བགྲོད་ལམ་ཤར་གཏོང་ཐུབ་པ་བརྒྱུད། ས་ཡོམ་རྒྱག་ཁུལ་གྱི་གློག་དང་། འཕྲིན་གཏོང་། གཞུང་ལམ་བཅས་སྤྱིར་ན་སླར་གསོ་བྱུང་ཡོད། བོད་ལྗོངས་ཀྱི་རིམ་པ་ཁག་གིས་སྨན་དོན་མི་སྣ་391ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་བར་བཏང་བ་དང་ནད་པ་ཚབས་ཆེ་རིགས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བསྐྱལ་ཡོད།

གནོད་འཚེ་ཕོག་ཁུལ་དུ་ས་བབ་མཐོ་བ་དང་གནམ་གཤིས་གྲང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་དུས་འགོར་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་ཁྲི་2.2གཏོང་སྤྲོད་བྱས་པའི་རྨང་གཞིའི་ཐོག གནོད་འཚེ་ཕོག་ཁུལ་དུ་སྲིང་བལ་གྱི་ཕོ་ཁེབས་དང་ལྟེབ་ཁྲི་སོགས་ཁྲི་2གཏོང་སྤྲོད་བྱས་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)