《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月11日

གནམ་འོག་སྤྱི་སྙོམས་ཡོང་བའི་ཆེད་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཞུགས་མཁན་ཞིག་བྱེད།

—— འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད།

གནམ་ལོ་གསར་པ་ཤར་བའི་དུས་སུ། ཤིང་ཏོག་དང་སྔོ་ཚལ་སོས་པ་བྱུར་བུར་བླུགས་པའི་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་ཞིག་ཡུན་ནན་ནས་ལོ་སིའི་རྒྱལ་ས་ཝན་ཐེན་དུ་བསྐྱོད་ཅིང་། ཀྲུང་གོའི་སྒོ་རྩིས་ཚོང་ཁང་མི་ཉུང་བ་ཞིག་ཏུ་ཀྲུང་ལོ་ལྕགས་ལམ་གྱི་རྒྱལ་སྤྱིའི་གྲང་ཕྲེང་ཆེད་གཏོང་མེ་འཁོར་ལ་བརྟེན་ནས་ལོ་སིའི་ངང་ལག་ནང་འདྲེན་བྱས་པས་འཛད་སྤྱོད་པའི་གདམ་ག་དེ་བས་མང་དུ་ཕྱིན་ཡོད། ཀྲུང་ལོ་ལྕགས་ལམ་གྱི“རྫོགས་ལྡན་བགྲོད་ལམ་ཆེན་པོའི”ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཞིང་། ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད།

2025ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ནང་ཞུགས་མཁན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཀྲུང་གོ་ནི་དར་སྤེལ་གཏོང་མཁན་ཡིན་ལ་ལག་ལེན་པ་ཡང་ཡིན། ཡིད་ཆེས་བརྟན་པོ་དང་བྱ་སྤྱོད་ཏན་ཏིག་ལ་བརྟེན་ནས་ཞི་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མིའི་རིགས་ལ་ཡར་རྒྱས་དོན་གཉེར་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་དཔའ་ངར་གྱི་འགན་འཁྲི་མངོན་པར་བྱས་ཡོད།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལས་ཀྲུང་ཧྭ་མི་རིགས་ཀྱི“གནམ་འོག་སྤྱི་སྙོམས”དང“འཆམ་མཐུན་རྩ་བའི་རྩེ་མོར་འཛིན”“དྲང་བདེན་གཙོ་བོར་བརྩི་བ”བཅས་ཀྱི་གནམ་འོག་གི་ལྟ་བ་དང་། རིན་ཐང་གི་ལྟ་བ། བདེན་ཁེའི་ལྟ་བ་བཅས་གཅིག་སྡུད་ཐོག་མཚོན་གྱི་ཡོད། དེ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་བཏང་བ་ཞིག་རེད། དེས་མིའི་རིགས་ཀྱི་སྤྱི་ཚོགས་ཐུན་མོང་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་ཡང་དག་པའི་ཁ་ཕྱོགས་གསལ་པོར་བསྟན་ཡོད། དུས་རབས་ཀྱི་འགྱུར་ལྡོག་དང་ལོ་རྒྱུས་ཀྱི་གནད་དོན་གྱི་མདུན་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཀྱིས་དར་ཆ་གསལ་སྟོན་ངང“གོ་ལ་ཧྲིལ་པོ་སེམས་གཅིག”གི་སྙིང་སྟོབས་དང་། སྒོ་དབྱེ་ཁོང་ཡངས་ཀྱི་བློ་རྒྱ། མཉམ་ལས་གཉིས་ཕན་གྱི་བསམ་འདུན་བཅས་དར་སྤེལ་བཏང་སྟེ། ཞི་བདེ་འཕེལ་རྒྱས་བཏང་ནས་གདོང་ཐུག་འགྲན་རྒོལ་ལས་བརྒལ་བ་དང་། ཐུན་མོང་བདེ་འཇགས་ཡོང་བར་བྱས་ནས་བལྟོས་མེད་བདེ་འཇགས་ཀྱི་ཚབ་བྱེད་པ། གཉིས་ཕན་གཉིས་ཁེ་ཡོང་བར་བྱས་ནས་རྒྱལ་ཕམ་འགྲན་རྩོད་དོར་བ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ནས་ཤེས་དཔལ་གྱི་གདོང་ཐུག་སྔོན་འགོག ལྗང་མདོག་འཕེལ་རྒྱས་ཡོང་བར་བྱས་ནས་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བཅས་བྱས་ནས། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཞི་བདེ་མཉམ་གནས་ནས་བདེ་སྡུག་མཉམ་མྱོང་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད།

མིའི་རིགས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་འགྲོ་ལམ་དུ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཀྱང་ལུས་མི་རུང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཡིད་ལ་གནམ་འོག་འཆང་བ་དང་རང་ཚུགས་གཞན་སྐྱོར་མཐའ་འཁྱོངས་དང་། དེ་བཞིན་ཞི་བདེ་འཕེལ་རྒྱས་དང་། སྒོ་དབྱེ་འཕེལ་རྒྱས། མཉམ་ལས་འཕེལ་རྒྱས། གཉིས་ཕན་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། ཀྲུང་ཡོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཁྲི་10ལྷག་ཙམ་བཏང་བ་དང་ཕེ་རུའི་ཆན་ཁའེ་གྲུ་ཁས་དུས་རབས་གསར་པའི་ཡ་ལ་སྐམ་ས་དང་མཚོ་རྒྱུད་ཀྱི་བགྲོད་ལམ་གསར་པར་དཔང་པོ་བྱས་པ་དང་། རྒྱལ་ཁབ་155“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཁྱིམ་ཚང་ཆེན་པོའི་ནང་ཞུགས་པས་འཛམ་གླིང་ལ་ཕན་ཐོགས་པའི“བདེ་སྐྱིད་ལམ་བུ”སྔར་བས་ཡངས་སུ་འགྲོ་བ་དང་། ལོ་བདུན་བསྟུད་མར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་ནས་རྒྱལ་ཁབ་ཁག་ལ་རྒྱུན་ཆད་མེད་པར་ཁྲོམ་རའི་སྒོ་མོ་ཕྱེ་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པ་ལ་སོགས་ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས“ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་འཚོ་བ་ཡག་པོ་ཡོང་རེ་བྱེད་པ་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཚོ་བ་ཡག་པོ་ཡོང་རེའང་བྱེད་པའི”རེ་འདུན་ཟོལ་མེད་གསལ་འགྲེལ་བྱས་ཡོད།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་གྲོས་འགོ་ནས་ཐུན་མོང་གི་ངོས་འཛིན་དུ་གྱུར་པ་དང་། བསམ་འདུན་ནས་ལག་ལེན་དུ་གྱུར་པ། ད་ཆའི་འཛམ་གླིང་གི་གནས་སྟངས་ལ་དགེ་མཚན་ལྡན་ཞིང་གཏིང་ཟབ་པའི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འདས་ཟིན་པའི་ལོ་གཅིག་གི་རིང་། ཀྲུང་གོས་སེར་པི་ཡ་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་སེར་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་དང་། པར་ཙིར་དང་མཉམ་དུ་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལའི་ཀྲུང་པར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། མིག་སྔར། རྒྱལ་ཁབ་དང་ས་ཁུལ་བཅུ་གྲངས་ཁ་ཤས་ཀྱིས་ཀྲུང་གོ་དང་རྣམ་པ་མི་འདྲ་བའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཡོད། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་དང་། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གཅིག་མཐུན་ཚོགས་པ་སོགས་ཕྱོགས་མང་མཉམ་ལས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་གྲོས་ཆོད་དང་ཕྱོགས་མང་ཡིག་ཆའི་ནང་ཐེངས་མང་འཁོད་ཅིང་། ཉིན་བཞིན་འཛམ་གླིང་རང་བཞིན་གྱི་མཚོན་རྟགས་ཀྱི་དོན་སྙིང་ལྡན་པའི་སྤྱི་པའི་ཐོན་རྫས་གལ་ཆེ་ཤོས་སུ་གྱུར་ནས་འཛམ་གླིང་གི་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། པ་ཕན་དང་གནམ་ཕྱུག་རྒྱལ་གྱིས་ཞུས)