《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月11日

2024ལོར་རྒྱལ་ནང་གི་གསར་གཏོད་ཆེད་ཁེའི་གོ་ཆོད་གྲངས་འབོར་ཁྲི་475.6ཟིན་པ།

འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་གསར་གཏོད་ཆེད་ཁེའི་གོ་ཆོད་གྲངས་འབོར་དུས་མཚུངས་ལས་15.7%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་7ཉིན་འཚོགས་པའི་2025ལོའི་རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2024ལོར། རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་གྲངས་འབོར་མང་དུ་དང་སྤུས་ཚད་ལེགས་སུ་ཕྱིན་ཡོད་ཅིང་། རྒྱལ་ནང་གི་གསར་གཏོད་ཆེད་ཁེའི་གོ་ཆོད་གྲངས་འབོར་ཁྲི་475.6ཟིན་ནས། PCTརྒྱལ་སྤྱིའི་ཆེད་ཁེ་དང་། མ་ཏེ་རི་རྒྱལ་སྤྱིའི་ཚོང་རྟགས། ཧའེ་ཡཱ་མ་ལག་གི་ཕྱི་ཚུལ་ཇུས་འགོད་རེ་ཞུ་བྱེད་ཚད་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་གསར་གཏོད་ཆེད་ཁེའི་གོ་ཆོད་གྲངས་འབོར་ཁྲི་134.9ཟིན་པ་དེ་དུས་མཚུངས་ལས་15.7%འཕར་ཡོད་པ་རེད།

ཆེད་ཁེ་གཞན་སྒྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་2700ལྷག་ཙམ་གྱིས་གསོག་འབོར་ཆེད་ཁེ་ཁྲི་134.9ལ་རྩིས་བཤེར་དང་རིན་ཐང་དབྱེ་ཞིབ་ལེགས་གྲུབ་བྱུང་ནས། གཞན་སྒྱུར་ཆོག་པའི་ཆེད་ཁེའི་ཐོན་ཁུངས་ཀྱི་མཛོད་གྲུབ་སྟེ། ཁེ་ལས་ཁྲི་45དང་གནད་སྨིན་སྦྲེལ་མཐུད་ཐུབ་ཡོད། ལོ་ཧྲིལ་པོར་ནང་བཤུག་གཏོང་ཆོག་པའི་ཆེད་ཁེ་ཐོ་འགོད་བྱེད་ཐེངས་ཁྲི་61.3ཟིན་པ་དེ་དུས་མཚུངས་ལས་29.9%འཕར་བའི་ནང་། མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་ནང་བཤུག་གཏོང་ཆོག་པའི་ཆེད་ཁེ་ཐོ་འགོད་བྱེད་ཐེངས་ཁྲི་7.6ཟིན་ནས་དུས་མཚུངས་ལས་39.1%འཕར་ཡོད། 2024ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་སྤྱོད་གྲོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་3564.1ཟིན་ནས་དུས་མཚུངས་ལས་6.6%འཕར་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)