འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཡག་པོ་བྱེད་དགོས། ཐེ་ཚོམ་དང་། གཡོ་འགུལ། ལྷོད་གཡེང་། ལས་མཐའ་མ་འཁྱོལ་བ་བཅས་ལས་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཐོན་སྲིད” སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་མཐུད་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་རྒྱག་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཞིང་། ཁོང་གིས། “རུལ་སུངས་ལ་ངོ་རྒོལ་བྱེད་པར་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་དང་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། གོམ་པ་སྤོ་མཚམས་མི་འཇོག་པ་དང་ཕྱིར་བཤོལ་གོམ་པ་ཕྱེད་ཀ་ཙམ་ཡང་རྒྱག་མི་རུང”ཞེས་ནན་བཤད་གནང་ཡོད།
དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་སྔར་བྱུང་མྱོང་མེད་པ་བཏང་བར་ཕན་འབྲས་ཀྱང་ཚང་མས་མིག་མཐོང་ལག་ཟིན་ཐུབ་པ་ཐོབ་མོད། འོན་ཀྱང་། ལེགས་གྲུབ་ཆེན་པོ་བྱུང་བའི་དུས་སུ་གཏན་ནས་སླེབས་མེད་པས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་ལྕི་ཞིང་དཀའ་ཚེགས་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་གཞིར་བལྟས་ན། རུལ་སུངས་ཀྱི་གསོག་འབོར་ད་དུང་གཙང་སེལ་ཐུབ་མེད་ལ། འཕར་ཚད་ད་དུང་མཐོ་རུ་མུ་མཐུད་འགྲོ་བཞིན་ཡོད། གནོན་ཤུགས་ཧ་ཅང་ཆེན་པོའི་འོག་ཏུའང་མི་ལ་ལས་སྔར་བཞིན་བློ་ཁོག་ཆེན་པོ་བྱེད་པ་དེ་ཐོག་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་ཤུགས་དེ་བས་ཆེ་རུ་གཏོང་དགོས་ངེས་ཡིན་པ་གསལ་བཤད་བྱེད་ཐུབ། རང་ངོས་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པར་བརྟེན་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་ཏེ། རྩ་ལག་མཉམ་བཅོས་དང་བཅོས་སྐྱོང་བརྒྱུད་རིམ་ལྡན་པ་མཐའ་འཁྱོངས་བྱས་ན། གཞི་ནས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་རྒྱལ་ཁའི་གྲུབ་འབྲས་རྩ་བའི་ཆ་ནས་སྲ་བརྟན་དུ་གཏོང་ཐུབ་པ་དང་། ཟིལ་ཤུགས་ནུས་ལྡན་ཆགས་ནས། རུལ་སུངས་ཐོན་ས་དང་ཐོན་རྐྱེན་ཟམ་མི་ཆད་པར་མེད་པར་བཟོ་ཐུབ།
གོམ་པ་སྤོ་མཚམས་མི་འཇོག་པ་དང་ཕྱིར་བཤོལ་གོམ་པ་ཕྱེད་ཀ་ཙམ་ཡང་རྒྱག་མི་རུང་བའི་ཐད། བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་ཡོད་དགོས་ལ་བྱ་སྤྱོད་ཏན་ཏིག་ཀྱང་ཡོད་དགོས་པས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་གནད་སྨིན་བཙལ་ཏེ། འཕར་ཚད་བཀག་འགོག་དང་གསོག་འབོར་གཙང་སེལ་བྱེད་པར་བྱ་ཐབས་དངོས་སྤྱོད་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“སྤྱོད་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས”ཞེས་པའི་བླང་བྱ་ཁ་གསལ་འདིས་དམིགས་ས་ནི། ད་ལྟའི་དུས་མཚམས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཡིན་པས། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད།
ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ནི་ཕན་ཚུན་རྟེན་གཞི་རྟེན་ཆོས་སུ་གྱུར་པ་དང་རྩ་བ་གཅིག་དང་འབྱུང་རྩ་གཅིག་རེད། སྤྱོད་ངན་ནས་རུལ་སུངས་ལ་གྱུར་པ་དང་སྤྱོད་ངན་དང་རུལ་སུངས་མཉམ་དུ་འདྲེས་པ་ནི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཁག་གཅིག་གི་ཐུན་མོང་གི་གནད་རེད། བརྙན་འཕྲིན་གྱི་ཆེད་དོན་པར་གཞི《དམངས་ཀྱི་ཆེད་དུ་རུལ་སུངས་ལ་ངོ་རྒོལ་བྱེད》ཅེས་པ་ལས་དམར་རྗེན་དུ་བསྟན་པའི་གནས་ཚུལ་ལ་བལྟས་ན། རུལ་སུངས་བ་ཁག་གཅིག་ནི་ཟ་འཐུང་རོལ་རྩེད་རྩེ་བ་ནས་འགོ་ཚུགས་ཏེ། ཁྲིམས་འགལ་གྱི་ཚོང་པ་དང་ངན་འབྲེལ་བྱས་ནས། མཐར་རྒྱུ་དབང་བརྗེ་ཚོང་དང་ཁེ་ཕན་གཅིག་འབྲེལ་ཚོགས་པར་གྱུར་ཡོད། ཚུལ་མིན་གྱི་སྤྱོད་ཚུལ་ནི་རུལ་སུངས་ཐོན་པའི་འབྱུང་གཞི་ཡིན་པ་དང་། རུལ་སུངས་ནི་རྟག་ཏུ“སྤྱོད་ཚུལ་བཞིའི”གནད་དོན་ཐོན་ཇེ་མང་དུ་སོང་སྟེ་མཐར་ངོ་བོའི་འགྱུར་ལྡོག་བྱུང་བའི་མཇུག་འབྲས་རེད། སྤྱོད་ཚུལ་གྱི་གནད་དོན་རེ་རེའི“རྡོལ་མིག”བཀག་ན། གཞི་ནས་རུལ་འགོག་འགྱུར་ཟོན་གྱི་ཆུ་རགས་བརྟན་པོ་སྐྲུན་ཐུབ།
ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་ཧུར་ཐག་དང་། ཐོག་མཐའ་བར་གསུམ་དུ་སྤྱོད་བཟང་སྒྲིག་ནན་བྱས་པའི་ཕན་འབྲས་ནི་ཚང་མས་མིག་མཐོང་ལག་ཟིན་རེད། འབྱུང་འགྱུར་ལ་ཕྱོགས་ནས་ངེས་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་སྒྲིག་ལམ་ནན་པོ་དང་བཀན་ཤིང་མཁྲེགས་པོ་ཞིག་ཏུ་བརྩིས་ཏེ། ཡ་མེད་སྒྲིག་འགལ་དང་མངོན་མེད་ཐབས་སྒྱུར་གྱི“སྤྱོད་ཚུལ་བཞིའི” གནད་དོན་ལ་ཞིབ་བཤེར་དང་ཐག་གཅོད་ནན་པོ་དང་། ལྐོག་རྔན་ལེན་སྤྲོད་ལ་མཉམ་དུ་ཞིབ་བཤེར་གཏིང་ཟབ། རྒྱུད་རིམ་རང་བཞིན་གྱི་རུལ་སུངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་གཙང་སེལ། རུལ་སུངས་གསར་པ་དང་མངོན་མེད་ཀྱི་རུལ་སུངས་འགོག་བཅོས་བྱེད་པའི་བྱ་ཐབས་ནུས་ལྡན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་དགོས། སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ཕན་ཚུན་སྦྲེལ་མཐུད་མཐའ་འཁྱོངས་བྱས་ཏེ། “མཉམ་བཤེར”ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། “མཉམ་བཅོས”ལ་བརྟེན་ནས་སྤྱོད་ངན་དང་རུལ་སུངས་ཀྱི་སྤྱི་ཁྱབ་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོས་ན། སྤྱོད་ངན་ནས་རུལ་སུངས་ལ་གྱུར་པའི་འབྲེལ་ཐག་ཆད་དེ། སྤྱོད་ཚུལ་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་ཐུབ།
ཡང་བསྐྱར“མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱེད་དགོས”ཞེས་པར་བལྟས་ན། དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་རྒྱུན་མཐུད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད།
མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གྱིས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བཞིན་ཡོད་སྟབས། མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་གྱི་ཡོད། “སློབ་གྲྭའི་ཁ་ལག”གི་དོ་དམ་གྱི་གནད་དོན་ལ་བཅོས་སྒྲིག་ཤུགས་ཆེན་བྱེད་པ་དང་། སློབ་མའི་ཁ་ལག་གི་གྲོན་དངུལ་ཧམ་བཟུང་དང་། འོས་སྐུལ་ཉོ་སྒྲུབ་ལ་ཐེ་ཇུས། ཁེ་རྔན་ཟ་བ་སོགས་ཀྱི་གནད་དོན་བཅས་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་ནས། གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ལ་དམ་པོར་དམིགས་ནས། “སྦྲང་གྲོག་རུལ་སུངས”ཁག་གཅིག་ལ་ཆད་པ་ནན་པོ་གཅོད་པ་དང་། སྨན་རྫས་ཁྱབ་ཁོངས་ཀྱི་ཟང་ཟིང་གནད་དོན་ལ་དག་ཐེར་གཏིང་ཟབ་བྱས་ཏེ། སྨན་བཅོས་ཐོག་ནས་ཁེ་ཕན་རག་ཐབས་དང་སྨན་བཅོས་འགན་བཅོལ་དངུལ་གཡོ་ལེན་བྱེད་པ་སོགས་ཀྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ནན་པོ་བྱེད་པ་སོགས་ཀྱི་བར། མི་དམངས་མང་ཚོགས་ཀྱིས་གང་ཞིག་ལ་ངོ་རྒོལ་དང་གང་ཞིག་ལ་འཁོན་འཛིན་བྱས་ན། དེར་འགོག་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་མང་ཚོགས་ཀྱི་ཉེ་འགྲམ་དུ་ཁྱབ་པར་སྐུལ་འདེད་བཏང་བར། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།
རང་རེའི་ཏང་གིས་རུལ་སུངས་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ“སྤྱོད་ཚུལ་བཞིར”ཡོ་བསྲང་དང་སྲོལ་གསར་བཙུགས་པར། ཏང་སེམས་དང་དམངས་སེམས་ཐོབ་ཡོད། “སྟག”གི་མགོ་བོ་ཐོན་མ་ཐག་ཏུ་རྡུང་དགོས་ལ། “སྦྲང་མ”གང་བྱུང་དུ་འཕུར་ནའང་རྡེབ་དགོས། ལྐོག་ཟ་ལྐོག་རྔན་ཆེན་པོ་གཅིག་ཀྱང་ཐར་པར་གཏན་ནས་གཏོང་མི་རུང་ལ།“སྦྲང་གྲོག་རུལ་སུངས”ཀྱང་ཐར་པར་གཏན་ནས་གཏོང་མི་རུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། རིམ་ཁག་ཏང་ཨུད་དང་ལྷག་པར་དུ། གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་བཅོས་སྒྲིག་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱུན་རྣམ་ཅན་གྱིས་དམ་འཛིན་དང་། མང་ཚོགས་ཀྱིས་མཐོང་རྒྱུ་ཚོར་རྒྱུ་ཡོད་པར་བྱེད་པ། སྒྲིག་བཤེར་ལྟ་ཞིབ་དེ་གཞི་རིམ་གྱི་སྐོར་ཞིབ་དང་ཟུང་འབྲེལ་བྱེད་པ་དང་ཕྱོགས་ཁག་གི་ལྟ་སྐུལ་ལ་སྤྱི་འདོམས་བྱས་ཏེ། མི་དམངས་མང་ཚོགས་ལ་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ཉེ་འགྲམ་དུ་ཡོད་པ་དང་། དྲང་སྙོམས་དྲང་བདེན་ཉེ་འགྲམ་དུ་ཡོད་པ་ཚོར་དུ་བཅུག་ནས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པ་དང་དེ་བས་འདྲ་མཉམ་གྱི་སྒོ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁྱབ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
(ཚེ་སྒྲོལ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)