《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月07日

ཕྱི་འབྲེལ་པུས་བརྗོད་དོན།

ཀྲུང་གོ་ཕྱོགས་ཀྱིས་ཁྱོན་ཡོངས་ནས་སྤུས་ཚད་མཐོ་པོས་RCEPམུ་མཐུད་ལག་བསྟར་བྱ་རྒྱུ་ཡིན།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་1ཚེས་1ཉིན་ནི《ས་ཁོངས་ཧྲིལ་པོའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》(RCEP)ནུས་པ་ཐོན་ནས་ལག་བསྟར་བྱས་ཏེ་ལོ་གསུམ་འཁོར་བའི་ཉིན་མོ་རེད། ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཀྲུང་གོས་ཁྱོན་ཡོངས་ནས་སྤུས་ཚད་མཐོ་པོས་RCEPམུ་མཐུད་ལག་བསྟར་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

མའོ་ཉིང་གིས་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། RCEPནི་གོ་ལ་ཧྲིལ་པོའི་ཞུཌ་མཁན་གྱི་མི་འབོར་མང་ཤོས་དང་། དཔལ་འབྱོར་ཚོང་དོན་གཞི་ཁྱོན་ཆེ་ཤོས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ལྡན་པའི་རང་མོས་ཚོང་དོན་གྲོས་མཐུན་ཞིག་ཡིན་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད་ཁོངས་མིའི་རྒྱལ་ཁབ་ལ་ཁྲོམ་རའི་གོ་སྐབས་བསྐྲུན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་ཡིད་ཆེས་བྱེད་ཚད་ཆེ་རུ་ཕྱིན་ཡོད། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་ཞིབ་འཇུག་ལས་མངོན་པར། 2030ལོར་སླེབས་སྐབས་RCEPལས་ས་ཁོངས་ནང་གི་རྒྱལ་ཁབ་ལ་དཔལ་འབྱོར་འབབ་འཕར་ཨ་སྒོར་དུང་ཕྱུར་2450དང་ལས་ཞུགས་ལས་གནས་ཁྲི་280གཏོད་རེ་ཡོད་པ་རེད།

“ཀྲུང་གོ་ནི་RCEPཡི་དཔལ་འབྱོར་སྒྲིག་གཞི་ཆེ་ཤོས་ཡིན་པས། ཁྱོན་ཡོངས་དང་སྤུས་ཚད་མཐོ་པོས་RCEPམུ་མཐུད་ལག་བསྟར་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་ཐོག ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ཡིན”ཞེས་མའོ་ཉིང་གིས་བརྗོད།