《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月07日

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་སྐྲུན་པར་བློ་གྲོས་སྐྱེས་སུ་འབུལ་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཆུས་སུང་།

ཉིན་ཤས་གོང“བུད་མེད་ཀྱི་ལྟ་ཕྱོགས་འོག་གི་ཧྲང་ཧའེ་མཉམ་ལས་རྩ་འཛུཌ། འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཧྲང་ཧའེ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་དུ་འཚོགས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ནས་ཡོང་བའི་བུད་མེད་མཁས་དབང་50ལྷག་ཙམ་ཚོགས་འདུར་ཞུགས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གི་ཤེས་རིག་དཔྱད་གཞིར་འཛིན་རེས་དང་ས་ཁུལ་གྱི་ཁས་ལེན་དང་། ཁྲིམས་སྐྱོང་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན། དཔལ་འབྱོར་ཚོང་དོན་གྱི་ལས་རྣམ་གསར་པ་དང་མཉམ་ལས་གཉིས་ཕན་སོགས་ཀྱི་གྲོས་དོན་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།

ད་ཐེངས་ཀྱི་ཚོགས་འདུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ལྷན་གྱིས་མཛུབ་ཁྲིད་བྱས་པ་དང་། ཧྲང་ཧའེ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨུ་རུ་སུ་ཡོ་རོབ་ཤར་མ་དང་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་སུའོ། ཧྲང་ཧའེ་སྤྱི་ཚོགས་ཚན་རིག་ཁང་ཇུས་འདོན་ཚོགས་པ་འཛུགས་སྐྲུན་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་རེད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཀྲང་མིང་གིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་23ལྷག་ཙམ་སོང་རིང་། བུད་མེད་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སྔོན་བསྟར་གྱི་མཉམ་ལས་ཁ་ཕྱོགས་སུ་བརྩིས་ནས་ཕོ་མོ་འདྲ་མཉམ་ལ་སྲུང་སྐྱོང་དང་། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་། བུད་མེད་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བུད་མེད་དེའི་ནང་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བརྗོད་པ་རེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨུ་རུ་སུ་ཡོ་རོབ་ཤར་མ་དང་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཅིན་ཀྲེ་ཡིས། བུད་མེད་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཚོར་སྣང་སྐྱེན་པོ་དང་གསར་གཏོད་ཀྱི་ནུས་པས་ཕྱུག་པའི་བསམ་གཞིག་ལ་བརྟེན་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་སྐྲུན་པར་བློ་གྲོས་སྐྱེས་སུ་ཕུལ་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་མཐུད་ཆོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཐུབ་ཅེས་བརྗོད།

ཨུ་ཟ་བྷེ་ཁི་སི་ཐན་ཙུང་ཐུང་འཐབ་ཇུས་དང་ས་ཁུལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལུའོ་ལཱ·སཱ་དབྱི་ཏུའོ་ཝ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་གིས་ཕོ་མོའི་དབྱེ་བའི་མཐོང་ཆུང་མེད་པར་བཟོ་བ་དང་། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། བུད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་གཞོལ་དགོས་པ་མ་ཟད། བུད་མེད་ཀྱི་དབུལ་སྒྲོལ་དང་ལས་གཏོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

ཨུ་རུ་སུ་མོ་སི་ཁོ་རྒྱལ་བཙུགས་སློབ་ཆེན་ཆབ་སྲིད་རིག་པའི་ཚན་ཁག་རྒྱལ་ཁབ་སྲིད་ཇུས་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ལི་ཨན་ནཱ·ཨ་པུའུ་ལཱ་མོ་ཝ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཁོངས་མིའི་རྒྱལ་ཁབ་ཁག་གིས་མཉམ་ལས་ཀྱི་སྤྱིའི་ཁ་ཕྱོགས་འཆར་འགོད་བྱས་ནས་ཕན་ཚུན་བདག་དབང་ལ་བརྩི་འཇོག་བྱེད་པ་དང་དེ་བཞིན་བདེ་འཇགས་དང་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་སྔར་བས་ཁ་གསལ་བཟོས་ཡོད། “ཁོངས་མིའི་རྒྱལ་ཁབ་ཁག་གིས་རྒྱལ་ནང་གི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། འཕེལ་རྒྱས་ཀྱི་ལས་ཕྱོད་ཆེ་རུ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བཞིན་ཡོད”ཅེས་བརྗོད་པ་རེད།

ཧ་སག་སི་ཐན་ཨ་སི་ཐ་ན་རྒྱལ་སྤྱིའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་མཐུན་ཚོགས་ཀྱི་ཁོངས་མི་ཐའེ་ཞི་ཡཱ·མར་མོང་ཐུའོ་ཝ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་འབོར་གྱིས་གོ་ལ་ཧྲིལ་པོའི་1/4ཙམ་བཟུང་ཡོད། ཁོངས་མི་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་དང་བསྟུན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མཉམ་ལས་དང་། གཉིས་ཕན། གཉིས་ཁེ་བཅས་ཀྱི་དྲང་ནུས་མངོན་ཡོད་ཅེས་བརྗོད་པ་རེད།

(ལྷག་ཚེ་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)