འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་12ཚེས་31ཉིན་བར་པེ་ཅིང་གྲོང་ཁྱེར་གྱིས་ཁྲོམ་གཞུང(ཤང་དང་གྲོང་རྡལ)ཁུལ་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་100བསྐྲུན་པ་དང་སྦྲགས་ཞིབ་བཤེར་རྩིས་ལེན་ཐུབ་ནས། རྒན་རྒོན་ཁྲི་155ལ་ཕན་པ་ཐོབ་པའི་ནང་ལོ་80ཡན་གྱི་རྒན་རྒོན་ཁྲི་32ཡོད་པ་རེད།
2023ལོའི་ལོ་མཇུག་བར། པེ་ཅིང་གྲོང་ཁྱེར་དུ་བསྡོམས་རྒན་རྒོན་ཁྲི་494.8ཡོད་པའི་ནང་རྒན་རྒོན་99%ལྷག་ཙམ་གྱིས་ཁྱིམ་དུ་རྒན་གསོ་བྱེད་པའི་གདམ་ག་བྱས་ཡོད། ཁྱིམ་གྱི་སྒོ་རྩར་ཆེད་ལས་ཀུན་ཕན་གྱི་རྒན་གསོའི་ཞབས་འདེགས་ཞུ་ཆེད། 2024ལོའི་ལོ་འགོར་པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རྒན་རྒོན་གྱི་ཆ་འཕྲིན་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་ཏེ། རྒན་རྒོན་ཁྱབ་ཚུལ་གྱི་ས་བཀྲ་བྲིས་ནས་དབྱེ་ཞིབ་བྱས་ཤིང་། རྒན་རྒོན་མང་བ་དང་དགུང་ལོ་མཐོ་བའི་རྒན་རྒོན་འདུས་པའི་ས་ཁུལ་གཙོར་བཟུང་སྟེ། “སྲིད་གཞུང་གིས་རིན་མེད་ངང་སྒྲིག་བཀོད་མཁོ་འདོན་བྱེད་པ་དང་། བར་མཐོངས་ལ་བརྟེན་ནས་ཞབས་འདེགས་ཞུ་བའི”བསམ་ཕྱོགས་གཞིར་བཟུང་བ་དང་། ཐག་ཉེ་ས་དང་སྟབས་བདེ་ས་དང་། ཀུན་ཕན་ཞབས་ཞུ། བྱེད་ནུས་འདུས་གྲུབ། བདེ་འཇགས་གཉེར་སྐྱོང་སོགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་བ། ཕྱོགས་སྒྱུར་རིམ་སྤོར་དང་། ལེ་ལག་ཚང་བའི་གསར་སྐྲུན། སྡེབ་སྒྲིལ་སྒྲིག་འགོད་བཅས་ཀྱི་བྱེད་སྟངས་གསུམ་ལ་གཞིགས་ནས་ཁུལ་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པས། “རྒན་རྒོན་གང་དུ་ཡོད་ན་སྒྲིག་བཀོད་དེ་གར་འཛུགས་ཐུབ་པ”བྱུང་ཡོད།
ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཕྱོགས་བསྡུས་ཚོགས་པ་ཡིན་པའི་ཁུལ་ཁོངས་རྒན་གསོའི་ཞབས་ཞུའི་ལྟེ་གནས་ལ་གཅིག་སྡུད་རྒན་གསོ་དང་། རྒན་གསོའི་ཟ་ཁང་། རྒན་རྒོན་སློབ་ཁང་། ལུས་གསོའི་རོལ་རྩེད། སེམས་ཁམས་ཞབས་ཞུ་སོགས་རྨང་གཞིའི་ཞབས་ཞུའི་བྱེད་ནུས་ལྡན་ལ། དེ་བཞིན་དང་བླངས་ཞབས་ཞུ་དང་། ནད་རིགས་དབྱེ་བཤེར། སྤྱི་ཕན་དྲིལ་བསྒྲགས་སོགས་ཀྱི་རྒྱ་སྐྱེད་ཞབས་ཞུའི་ནུས་པའང་ལྡན་ཡོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེ་གཞོན་པས་ཞུས)