ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “སྨན་པ་ཞིག་ཡིན་པའི་ངོས་ནས། ངས་ཐོག་མཐའ་བར་གསུམ་དུ་ནད་པའི་སྡུག་བསྔལ་སེལ་བའི་འགན་འཁྲི་མ་བརྗེད་པ་བྱས་ཏེ། རྒན་ཡོན་ཞུས་ཀྱང་ངལ་གསོ་མི་རྒྱག་རྒྱུ་མཐའ་འཁྱོངས་བྱས་པ་ཡིན་ལ། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། ཏང་གི་བྱ་གཞག་ཆེད་དུ་ཚེ་གང་འབད་འཐབ་བྱེད་པའི་ཆོད་སེམས་ཀྱང་བཞག་པ་ཡིན”ཞེས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་ཅ་རྫོང་མི་དམངས་སྨན་ཁང་གི་དེ་སྔའི་ཡོན་ཀྲང་གཞོན་པ་ལུའུ་ཧྲེང་མེ་ཡིས་བབ་ཆགས་དང་ལྷག་བསམ་དག་པོས་བཤད་པར། ཚོགས་ཞུགས་མི་སྣ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་པེ་ཅིང་དུ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་བྱས་རྗེས་ཀྱི་ཆེད་དོན་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། 2024ལོར་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཁྲོད་ཀྱི་སྙན་ཞུ་འབུལ་མཁན་8ཀྱིས་རང་གནས་ཡུལ་གྱི་མཉམ་སྡེབ་དང་མི་སྒེར་གྱི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་མི་ཉམས་པར་བྱེད་པ་དང་། རྒས་དུས་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས། ནུས་ཤུགས་ལྷག་མ་མུ་མཐུད་འདོན་པའི་འབད་འཐབ་ཀྱི་བརྒྱུད་རིམ་བརྩེ་བ་ཟབ་མོས་བརྗོད་ཡོད།
ཧྲང་ཧའེ་གྲོང་ཁྱེར་དབྱང་ཧྥུའུ་ཆུས་ཀྱི“རྒན་གྲས་སྒྲོག་འགྲེལ་ཚོགས་པའི”འགན་འཁུར་བ་ཉི་ལའེ་ཏིས། “མིག་སྔར་ཚོགས་པར་ཁོངས་མི་300ལྷག་ཙམ་ཡོད་པ་དང་། རྒན་ཤོས་ལོ་95དང་ཆ་སྙོམས་ཀྱི་ལོ་ཚད་ལོ་73ཡིན། ལོ་ལྔ་ཡི་རིང་། ང་ཚོས་སྒྲོག་འགྲེལ་ལས་ལ་གཞོལ་བར། རིམ་རྩིས་བརྒྱབ་ན། སྒྲོག་འགྲེལ་ཐེངས་2600ལྷག་ཙམ་བྱས་ཡོད”ཅེས་བརྗོད་པ་དང་། ཁོང་གིས། “ང་ཚོའི་ལུས་པོ་ཧྲིལ་པོར་སྟོབས་ཤུགས་ཀྱིས་ཁེངས་ཡོད་པས། ལོ་ན་རྒས་ཀྱང་གསོན་ཤུགས་སྔར་བཞིན་འཕེལ་བཞིན་ཡོད”ཅེས་བརྗོད།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཁོན་ཁྲེང་ཆུས་ཁའེ་ཞོན་ཁྲོམ་གཞུང་དབྱི་ཤིན་ཁྲོམ་གཞུང་སྡེ་ཁུལ་མཛའ་གྲོགས་ལྡུམ་ར་སྡེ་ཁུལ་གྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧུའུ་ཏན་ཚའེ་ཡིས། “ང་ཚོས་ཏང་ཡོན་རྒན་གྲས་དབར་གྱི་བརྩེ་བ་ཟབ་མོ་དང་དུད་ཚང་སོ་སོའི་གནས་ཚུལ་ལ་རྒྱུས་མངའ་ཆེ་བའི་ལེགས་ཆར་བརྟེན་ནས། ཆུ་ཚོད་24རིང་ཞབས་འདེགས་ཞུ་བའི‘འདུམ་འགྲིག་ལས་དོན་ཁང’བཙུགས་ཏེ། རྩོད་གཞི་ཙག་ཙིག་མང་པོ་བསལ་བར་གྲོང་མིའི་དགའ་བསུ་ཆེན་པོ་པོ་ཐོབ་ཡོད” ཅེས་བརྗོད་པ་དང་། ཁོང་གིས། ད་ཆ་སྡེ་ཁུལ་གྱི་གྲོང་མི་རྣམས་སྒོ་ར་གཅིག་ཏུ་འཚོ་བཞིན་ཡོད་པ་དང་། གྲོང་པ་ཁྱིམ་མཚེས་དབར་བརྩེ་བ་ཟབ་པས། སྡེ་ཁུལ་བཅོས་སྐྱོང་ཐད་སྔར་བས་དོན་སྙིང་དང་། སྤྲོ་སྣང་། དྲོ་སྐྱིད་བཅས་ལྡན་ཡོད་ཅེས་བརྗོད།
གཏམ་བཤད་སྟེགས་བུར། ལོ་91ལ་སླེབས་པའི་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ལྷ་གྲུ་རྟགས་ཅན་གྱི་འཕུར་གྲུའི་ལས་ཐོག་སྤྱི་ཁྱབ་ཇུས་འགོད་པ་ཆིས་ཧྥ་རེན་གྱིས། “འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུ་ནི་ང་ཚོ་འཇིག་རྟེན་འཕུར་སྐྱོད་རྒན་རབས་པ་ཚང་མའི་བསམ་འདུན་ཡིན་པས། ལོ་10ལྷག་ཙམ་རིང་། ང་ཚོས་ལོ་ལྟར་འཇིག་རྟེན་འཕུར་སྐྱོད་པ་གསར་པར་ལས་གནས་སུ་ཐོག་མར་ཞུགས་སྐབས་ཀྱི‘སློབ་ཚན་དང་པོ’ཁྲིད་དེ། ཁོ་ཚོ་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་ཞུགས་པའི་གོམ་པ་དང་པོ་སྤོ་བར་ཁྲིད་སྟོན་བྱས་ཡོད”ཅེས་བརྗོད་ཅིང་། ཁོང་གི་དབུ་སྐྲ་དུང་ལྟར་དཀར་ཡང་བཀའ་མོལ་གསུངས་དུས་ཚིག་གསལ་ཞིང་ཤུགས་ཀྱིས་ཁེངས་ཡོད།
ས་གནས་ཀྱི་སྙན་ཞུའི་ཚོགས་འདུར་ཞུགས་པའི་ཀྲུང་གོའི་བུད་མེད་ཚགས་པར་ཁང་གི་དེ་སྔའི་སྤྱི་ཁྱབ་རྩོམ་སྒྲིག་པ་ལུའུ་ཞའོ་ཧྥེ་ཡིས་མྱོང་ཚོར་ཟབ་མོས། “སེམས་འགུལ་དང་། སློབ་གསོ། ལྕག་སྐུལ་བཅས་ཚད་མེད་ཐེབས་བྱུང”ཞེས་བརྗོད་ཅིང་། ཁོང་གིས། “རྒན་རྒོན་ནི་སྔར་བཞིན་ལས་ཀ་བྱེད་ཐུབ་པ་དང་། ཡར་རྒྱས་འགྲོ་བ། སྤྲོ་སྣང་ལྡན་པ་བཅས་ཀྱི་མི་ཚེའི་དུས་མཚམས་གལ་ཆེན་ཞིག་ཡིན་ལ། ལས་བྱེད་པ་རྒན་གྲས་ནི་ཤེས་ཡོན་ལྡན་ཞིང་གཏིང་ཤུགས་ཀྱིས་ཁེངས་པའི་དཔུང་ཁག་ཅིག་ཡིན་པས། ང་ཚོས་ལས་བྱེད་པ་རྒན་གྲས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་ནུས་ཤུགས་བཏོན་ནས་སླར་ཡང་བྱས་རྗེས་གསར་པ་འཇོག་གི་ཡིན”ཞེས་བརྗོད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)