《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月05日

ན་ནིང་རྒྱལ་ཁབ་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི(གཤམ་དུ“རྒྱལ་ཁབ་ལྕགས་ལམ་ཚོགས་པ”ཞེས་བསྡུ་རྒྱུ)ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་རྒྱལ་ཁབ་ཀྱི་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་40.8ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དེ་དུས་མཚུངས་ལས་10.8%འཕར་བ་དང་། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་དུང་ཕྱུར་39.9ཟིན་པ་དེ་དུས་མཚུངས་ལས་1.9%འཕར་ནས་ལོ་བརྒྱད་བསྟུད་མར་འཕར་བ་དང་། ཉིན་རེར་ཆ་སྙོམས་དོས་སྒམ་བླུགས་ཚད་ཁྲི་18ཡན་ཐོག་མར་ཟིན་པ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་8506ཟིན་པ་དེ་དུས་མཚུངས་ལས་11.3%འཕར་ནས་ལམ་ཐིག་གསར་པར་སྤྱོད་ཚད་སྤྱི་ལེ་3113ཟིན་པའི་ཁྲོད་མྱུར་བགྲོད་མེ་འཁོར་ལ་སྤྱོད་ཚད་སྤྱི་ལེ་2457ཟིན་པ་བཅས་ལྕགས་ལམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

འགྲུལ་པ་སྐྱེལ་འདྲེན་གྱི་ཟིན་ཐོ་གསར་པ་བཏོད་ཅིང་། 2024ལོར་རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས་མི་ཐེངས་ཁྲི་2144.8ཟིན་པ་དང་། དཔྱིད་གསར་སྐྱེལ་འདྲེན་དང་། ངལ་གསོ་དང་དུས་ཆེན་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་ཐེངས་མང་བཏོད་ཅིང་། 2024 ལོར་ཡུལ་སྐོར་མེ་འཁོར་1860བཏང་བ་དེ་དུས་མཚུངས་ལས་20%འཕར་ནས་ཡུལ་སྐོར་དཔལ་འབྱོར་དང་། གངས་འཁྱགས་དཔལ་འབྱོར། དབུ་དཀར་དཔལ་འབྱོར་བཅས་ལ་རམ་འདེགས་ནུས་ལྡན་ཐུབ་ཡོད།

དངོས་ཟོག་དབོར་འདྲེན་ལ་ཕྱོགས་སྒྱུར་གང་མགྱོགས་བྱུང་ཞིང་། 2024ལོར་རྒྱལ་ཁབ་ལྕགས་ལམ་ཚོགས་པས“སྤྱི་གཏད་སྤྱི”ཡི་བྲིན་ཚོང་དང་ཟོག་འགྲུལ་འགན་སྤྱི་གཙང་ལེན་འཕེལ་རྒྱས་ཤུགས་ཆེན་བཏང་བར། རིམ་རྩིས་བརྒྱབ་ན། ཟོག་འགྲུལ་འགན་སྤྱི་གཙང་ལེན་གྱི་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་5.4ཟིན་ནས“གཞུང་ལམ་སྐྱེལ་འདྲེན་ནས་ལྕགས་ལམ་སྐྱེལ་འདྲེན་དུ་སྒྱུར་བར”སྐུལ་མ་ནུས་ལྡན་ཐེབས་ཡོད། ལྕགས་ལམ་ཟོག་འགྲུལ་ལྟེ་གནས་40ཡིས་རིམ་ལྡན་སྐྱེལ་འདྲེན་དང་དངོས་ཟོག་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་ཁྲོམ་ར་ཅན་གྱི་གཉེར་སྐྱོང་འཚོལ་ཞིབ་བྱས་ནས་དངོས་ཟོག་རིན་གོང་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་བས། སྤྱི་ཚོགས་ཧྲིལ་པོའི་ཟོག་འགྲུལ་གྱི་མ་གནས་སྒོར་དུང་ཕྱུར་600ཙམ་ཉུང་དུ་ཕྱིན་ཡོད།

ལྕགས་ལམ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2024ལོར་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་རྣམ་གྲངས་17ལས་འགོ་བཙུགས་པ་དང་། རྣམ་གྲངས་42ཤར་གཏོང་ལས་གཉེར་བྱེད་འགོ་ཚུགས་ལ། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་8506ཟིན་ཡོད།

ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ནས་འཛམ་གླིང་དང་འབྲེལ་མཐུད་བྱས་ཤིང་། 2024ལོ་ཧྲིལ་པོར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཁྲི་1.9དང་ཚད་ལྡན་དོས་སྒམ་ཁྲི་207བཏང་བ་དེ་དུས་མཚུངས་ལས་10%དང་9%སོ་སོར་འཕར་བ་དང་། ལོ་ཧྲིལ་པོར་ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་ཁྲི་1.2དང་ཚད་ལྡན་དོས་སྒམ་ཁྲི་88བཏང་བ་དེ་དུས་མཚུངས་ལས་10%དང་12% སོ་སོར་ཟིན་པ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་དུས་གཏན་མེ་འཁོར་གྱིས་ལོ་ཧྲིལ་པོར་ཚད་ལྡན་དོས་སྒམ་ཁྲི་96བཏང་བ་དེ་དུས་མཚུངས་ལས་11%འཕར་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། དབང་སྒྲོན་སྐྱིད་དང་པ་ཚེས་ཞུས)