འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས་དང་།“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་མཚོ་སྔོན་སློབ་སྦྱོང་ལས་སྟེགས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་སྔོན་གསར་འགྱུར་དྲ་བ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི“དཔྱིད་གསར་ལ་དྲོ་སྐྱིད་སྦྱིན། ཕ་ཡུལ་གྱི་བྲོ་བ་ལྡན——མཚོ་སྔོན་གྱི་བརྩེ་བ་སྙིང་ཉེ་ཤོས་ཀྱི་ཁྱེད་ལ་སྦྱིན”ཞེས་པའི་གཞན་ཡུལ་འགྲིམ་པའི་མཚོ་སྔོན་བར་ཕ་ཡུལ་གྱི་ཡུལ་ཟོག་ལོ་གསར་གྱི་ལག་རྟགས་སུ་སྤྲོད་པའི་བྱེད་སྒོ་ཟི་ལིང་དུ་སྤེལ་འགོ་ཚུགས་པ་རེད།
དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་འཚམས་འདིར། གཞན་ཡུལ་འགྲིམ་མཁན་མཚོ་སྔོན་གྱི་མི་མང་པོ་ལས་ཀ་དང་སློབ་སྦྱོང་སོགས་ཀྱིས་རྐྱེན་པས་ཕ་ཡུལ་དུ་ལོག་ནས་ཁྱིམ་མི་དང་མཉམ་འཛོམས་བྱེད་ཐབས་བྲལ་བར་བརྟེན། གཞན་ཡུལ་འགྲིམ་མཁན་མཚོ་སྔོན་བས་ཕ་ཡུལ་གྱི་དྲོ་སྐྱིད་ཚོར་བར་བྱ་ཆེད། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས་དང“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་མཚོ་སྔོན་སློབ་སྦྱོང་ལས་སྟེགས་ཀྱིས་འབྲེལ་ཡོད་ཚན་པ་དང་གཅེས་སེམས་ཁེ་ལས་མང་པོ་དང་མཉམ་དུ་བྱེད་སྒོ་དེ་སྤེལ་ཡོད། དེའི་དམིགས་ཡུལ་ནི་གཞན་ཡུལ་འགྲིམ་མཁན་གྱིས་རང་ཉིད་ཀྱི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་གཏོགས་སེམས་ཆེ་རུ་བཏང་སྟེ“མཚོ་སྔོན་ཡིག་རྟགས”ཀྱི་སྤུས་རྟགས་ཤུགས་རྐྱེན་ཆེ་རུ་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་གིས་མཚོ་སྔོན་ལ་རྒྱུས་མངའ་དང་། གཅེས་སེམས་འཆང་བ། རྒྱབ་སྐྱོར་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཆེན་ཕྱི་ནང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས“མཚོ་སྔོན་ལ་རྒྱུས་མངའ་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་སྒྲིལ་ཆེད་ཡིན་པ་རེད། དེའི་རིང་། ད་དུང་ཟི་ལིང(རྒྱལ་ཁབ་རིམ་པའི)དཔལ་འབྱོར་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གིས“ཚོང་གཉེར་ཤུགས་ཆེར་གཏོང་བ་དང་། ཁྲོམ་ར་རྒྱ་སྐྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཁེ་ལས་ལ་ཕྱིར་ཚོང་བྱེད་རོགས་ཀྱི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་གྱིས་གླིང་ཁུལ་གྱི་ཁེ་ལས་མང་པོ་སྒྲིག་འཛུགས་ཀྱིས་གཞན་ཡུལ་འགྲིམ་མཁན་མཚོ་སྔོན་བར་ཕ་ཡུལ་གྱི་བྲོ་བ་ལྡན་པའི་ས་མཐོའི་ཡུལ་ཟོག་བསྐྱལ་བ་མ་ཟད། གླིང་ཁུལ་གྱི་ཁེ་ལས་ལ་ཁྱབ་གདལ་ལས་སྟེགས་ཤིག་ཀྱང་སྔར་བས་བཏོད་དེ་ཐོན་ཟོག་ཕྱིར་ཚོང་གི་ཐབས་ལམ་རྒྱ་སྐྱེད་དང་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ནས། གླིང་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཕྱོགས་ཀུན་ནས་འཚོང་བའི་ལས་སྟེགས་ཤིག་ཀྱང་བསྐྲུན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁུན་ཀུའོ་མོག་མོག་དང་། ལ་ཕིང་སེར་པོ། ཞོ་སོགས་ཚུད་པའི་མཚོ་སྔོན་གྱི་ཞིམ་ཟས་དང་ཁྱད་ལྡན་ཡུལ་ཟོག་གི་ལོ་གསར་མཁོ་ཆས་ཐུམ་སྒྲིལ་ལྔ་བརྒྱ་ལྷག་ཙམ་བསྐུར་བ་མ་ཟད། ཕ་ཡུལ་གྱི་ཁྱད་ཆོས་དང་མཚོ་སྔོན་གྱི་ས་ཁམས་མཚོན་རྟགས་ལྡན་པའི་ལོ་གསར་གྱི་རྟེན་འབྲེལ་གཱ་ཆེད་མངགས་ཇུས་འགོད་བྱས་ཏེ། གཞན་ཡུལ་འགྲིམ་མཁན་ཐག་རིང་གི་མཚོ་སྔོན་བར་ཕ་ཡུལ་གྱི་བརྩེ་སེམས་དང་སེམས་ཁུར་ཚོར་བར་བྱས་ཡོད།
(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)