ཞོགས་པའི་ཆུ་ཚོད་7པར་སློབ་ཁྲིད་ཐོག་ཁང་གི་གློག་འོད་ཁྲ་ཐིང་ངེར་སྤར་བ་དང་། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནས་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་དུ་གྲགས།
ཞིང་འབྲོག་ཁུལ་གྱི་དགེ་རྒན་ཁ་ཐང་བ་དང་སློབ་གཉེར་ཆུ་ཚད་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཐད་ཀྱི་མང་ཚོགས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཆེད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་དུ་ཀྲོའུ་ཡོངས་ཀྱི་སློབ་ལོ་ལོན་པའི་གཞོན་ནུ་ལོ་ཆུང་ལ་དམིགས་པའི་སློབ་འབྲིང་ཞིག་བསྐྲུན་ཞིང་། 2019ལོ་ནས་ད་བར། སྐྱེ་ཁུངས་མགོ་ལོག་ནས་ཡིན་པའི་སློབ་མ་1700ལྷག་ཙམ་གྱིས་ས་མཐོའི་འབྲོག་ཁུལ་ནས་ཞིང་ཆེན་གྱི་ལྟེ་བར་ཤེས་བྱ་སྦྱོང་བ་དང་ཕུགས་འདུན་དོན་གཉེར་བྱེད་པར་སླེབས་ཡོད།
མཐོ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་སློབ་མ་བདེ་ལོ་ནི་དེའི་གྲས་ཤིག་རེད།
བདེ་ལོའི་ཁྱིམ་གནས་ཡུལ་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་གོང་སྨད་ཤང་སོག་ཆེན་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་དེ་སྔ་སློབ་གྲྭར་འགྲོ་སྐབས་དཀའ་སྡུག་ཚད་མེད་མྱངས་མྱོང་། “ཁྱིམ་ནས་སློབ་གྲྭའི་བར་སྤྱི་ལེ་40ལྷག་ཙམ་ཡོད་པ་དང་རྟག་ཏུ་ནང་མིས་སྦག་སྦག་བཞོན་ནས་སྐྱེལ་བསུ་བྱེད་དགོས་ཤིང་། སྐྱེལ་ཐེངས་གཅིག་ལ་ཆུ་ཚོད་བཞི་ཙམ་འགོར་གྱི་ཡོད། དགུན་དུས་སློབ་གྲྭར་སླེབས་སྐབས་རྐང་ལག་གཉིས་ཀ་འཁྱགས་རེངས་ཐེབས་ཀྱི་ཡོད” 2021ལོར་བདེ་ལོ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་དེ་གར་སྒྲིག་ཆས་ལེགས་པ་ཕུད། སློབ་གྲྭའི་སྟབས་བདེའི་འཚོ་བའི་ཆ་རྐྱེན་ལས་ཁོང་ལ་དྲོ་སྐྱིད་ལྡན་པའི་ཚོར་སྣང་སྦྱིན་ཡོད།
“འབྲོག་ཁུལ་གྱི་ས་བབ་མཐོ་བས་ཁྱིམ་ནང་རྣམ་ཀུན་ནོར་ལུག་གི་ཤ་དང་། རྩམ་པ། མོག་མོག་བཅས་ཟ་བ་ཕུད་བྲོ་བ་ཞིམ་པའི་ཚལ་རྔོས་མ་ཧ་ཅང་དཀོན་པོ་ཡོད། ཡིན་ནའང་སློབ་གྲྭར་ཉིན་ལྟར་སྔོ་ཚལ་འདྲ་མིན་སྣ་ཚོགས་ཟ་རྒྱུ་ཡོད་པའི་ཁར་ད་དུང་མི་རེར་ཟླ་རེར་ཁ་གསབ་དངུལ་སྒོར་270ལེན་རྒྱུ་ཡོད”ད་ཆ་བདེ་ལོའི་གཟུགས་པོའང་ཆེན་པོ་ཆགས་ཡོད་པ་རེད།
དབྱང་ཝུན་པོ་ནི་ཆེད་མངགས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་འཁུར་མཁན་སློབ་སྤྱི་གཞོན་པ་ཡིན་པ་དང་ཟ་ཁང་གི་ཉིན་རེའི་ལྟོ་ཆས་ཚང་མར་ཞིབ་བཤེར་བྱེད་ཀྱི་ཡོད། “ཉིན་དགུང་ཚལ་སྣ་ཁ་བདུན་ལས་མི་ཉུང་བ་དང་། ཕྱི་དྲོ་ཚལ་སྣ་ཁ་དྲུག་ལས་མི་ཉུང་བ། ལྟོ་ཐེངས་ཚང་མར་ཉུང་ཤོས་ལ་ཤ་ཚལ་གཉིས་ཡོད་པ་མ་ཟད། གོང་ཁེའི་ཚལ་དང་རིན་མེད་ཀྱི་ཐང་སོགས་ཡོད་ལ། ད་དུང་ཕོར་འཁྲུའི་འཕྲུལ་ཆས་དང་དུག་སེལ་སྒམ་སོགས་སྒྲིག་སྦྱོར་བྱས་ཤིང་། འཚོ་བཅུད་དོ་སྙོམས་དང་བདེ་འཇགས་གཙང་སྦྲ་དོད་པ་སོགས་གང་ཅིའི་ཐད་ནས་ལྷོད་གཡེང་གཏན་ནས་གཏོང་གི་མེད”ཅེས་བཤད།
ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་ཚུན་བསྐྲུན་པའི་རོགས་སྐྲུན་རྣམ་གྲངས་རྐྱང་པ་ཡིན་པའི་མགོ་ལོག་མི་རིགས་སློབ་འབྲིང་གིས་དཔེ་དེབ་ཁང་ནས་ཚོད་ལྟ་ཁང་དང་། དེ་ནས་ལུས་རྩལ་ཐང་དང་། ཟ་ཁང་། ཉལ་ཁང་བཅས་ཚང་མ་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གྲྭའི་ཚད་གཞིར་གཞིགས་ཏེ་བསྐྲུན་ནས་ཕྲུ་གུ་ཚོར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་པ་རེད།
བདེ་ལོ་ནི་ཆུང་དུས་ནང་མི་དང་མཉམ་དུ་སྐྱས་སྤོའི་འཚོ་བ་སྐྱེལ་བ་དང་དགུན་མཚེར་ནས་དབྱར་མཚེར་ཀུན་ཏུ་ལྕི་བ་བསྲེགས་ནས་མེ་གཏོང་གི་ཡོད། “སློབ་གྲྭར་མཐུག་ཚད་ལི་སྨི་5ཡོད་པའི་ཤིང་ལོའི་གདན་གྱི་སྟེང་དུ་མཐུག་ཚད་ལི་སྨི་4ཡོད་པའི་མལ་གདན་བཏིང་བ་དང་སྲིང་བལ་མལ་ཆས་ཀྱི་ལྗིད་ཚད་ལ་རྒྱ་མ་ལྔ་ཙམ་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཆ་སྙོམས་སྨི་ངོས་གྲུ་10ལྷག་ཙམ་ཡོད་པའི་ཉལ་ཁང་གཙང་སྦྲ་དོད་པ་དང་ལྷམ་དང་གྱོན་གོས་བླུགས་སྒམ་དང་། རང་འགུལ་འདེགས་འབེབས་ཀྱི་གྱོན་གོས་སྐམ་ས་བཅས་གང་དགོས་འཛོམས་ཡོད་པ་རེད། བདེ་ལོས“ཉལ་ཁང་ཐོག་ཁང་དུ་ཆུ་ཚོད་24རིང་ཆུ་ཚ་པོ་ཡོད་ལ། རེས་གཟའ་སྤེན་པ་དང་ཉི་མར་ཉིན་གང་གཟུགས་པོ་འཁྲུད་ཁང་སྒོ་ཕྱེ་ཡོད། ཐོག་སོ་རེ་རེར་ད་དུང་གྱོན་གོས་འཁྲུད་ཁང་ཡོད་ལ་གོས་འཁྲུའི་འཕྲུལ་ཆས་ནི་རྦད་དེ་རང་འགུལ་ཅན་རེད”ཅེས་དགའ་སྣང་ཆེན་པོས་བཤད།
སློབ་ཁང་ནང་དུ་རིག་ལྡན་ནག་པང་དང་། མིག་སྲུང་གློག་སྒྲོན། ཁོར་ཡུག་སྲུང་སྐྱོང་རྒྱུ་ཆས་བཟོས་པའི་སྒྲོག་ཙེ་དང་རྐུབ་སྟེགས་བཅས་ཡོད་པ་དང་། སློབ་ཚན་ཕུད་གཞན་ད་དུང་སྐྱེ་དངོས་དང་། རྫས་འགྱུར། དངོས་ཁམས། ས་ཁམས་སོགས་ཀྱི་ཚོད་ལྟ་ཁང་དང་། ཡིག་གཟུགས་སློབ་ཁང་། གློག་རྡུལ་ཀང་ཆིན་སློབ་ཁང་། ཞབས་བྲོ་སློབ་ཁང་སོགས་བྱེད་ནུས་ཁང་ཡང་གང་དགོས་ཚང་མ་འཛོམས་ཡོད། མ་ཟད་བསླབ་དེབ་ནང་གི་ཚོད་ལྟའི་བླང་བྱ་ལྟར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཚོད་ལྟའི་སློབ་ཁྲིད་ཚད་གཞི་དང་བསྡུར་ནས་སློབ་ཁྲིད་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།
2010ལོར་ཏང་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཚུན་དུ། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་27ཙམ་བཀོད་སྒྲིག་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་བུ་བཅོལ་ཁང་ཁག་གསར་སྐྲུན་རྒྱས་སྐྲུན་རྣམ་གྲངས་3184དང་སློབ་གྲྭ་འབྲིང་ཆུང་གསར་སྐྲུན་རྒྱས་སྐྲུན་རྣམ་གྲངས་3035ལ་རྒྱབ་སྐྱོར་བྱས་པས་གཙང་གསུམ་ཆུ་འགོ་མི་རིགས་སློབ་འབྲིང་དང་། རྨ་ལྷོ་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་སོགས་ཡུལ་གཞན་དུ་སློབ་གྲྭ་གཉེར་བའི་རྣམ་གྲངས་བསྐྲུན་པ་མ་ཟད། ད་དུང་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རོགས་ཀྱང་བྱས་ཤིང་། སྔ་རྗེས་སུ་དགེ་རྒན་2000ཙམ་མངགས་ནས་སློབ་གསོར་རོགས་སྐྱོར་བྱས་པ་དང་། མཚོ་སྔོན་རང་སའི་སློབ་ཁྲིད་དོ་དམ་དང་། སློབ་དཔྱོད་མི་སྣ། རྐང་འཛིན་དགེ་རྒན་བཅས་8000ལྷག་གསོ་སྦྱོང་བྱས་ལ། སློབ་གྲྭ་འབྲིང་ཆུང་370ལྷག་གིས་མཚོ་སྔོན་གྱི་སློབ་གྲྭ་འབྲིང་ཆུང་དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་པར་མཛུབ་ཁྲིད་དང་སྐུལ་འདེད་བཏང་བ་རེད།
(བསོད་ནམས་བདེ་སྐྱིད་ཆེ་བ་དང་དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)