《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月04日

ཧུའུ་པེ་ལའེ་ཧྥུང་གིས།

ཞིང་ལས་རྒྱུན་འཁོར་ཐོན་ལས་གླིང་གཉེར་བས་གྲོང་མིར་ཡོང་འབབ་མང་དུ་སོང་བ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐན་ཡོན་པིན།

གསོ་ཚགས་ར་བར་ཕག་པ་ནག་པོ་སྟོང་ལ་ཉེ་བ་གཉིད་དུ་ཡུར་བཞིན་ཡོད་པ་དང་། ཐེང་ཇའི་རྟེན་གཞིར་ཞིང་པས་ཡལ་གཅོད་རྒྱག་པ་དང་རྩྭ་ངན་བཀོག་བཞིན་པ། དྲོད་ཁང་ཆེན་པོའི་ནང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཤིང་ཏོག་དང་སྔོ་ཚལ་གྱི་དྲི་ཞིམ་འཐུལ་བཞིན་པ། མེ་འཁོར་ཟ་ཁང་ནང་རླངས་པ་འཚུབ་འཚུབ་ཀྱི་ཕག་ཤའི་གསོལ་སྟོན་ཤོམ་བཞིན་པ་སོགས་དགུན་ཟླ་ཐ་ཆུང་ལ་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཐུའུ་ཅ་མེའོ་རིགས་རང་སྐྱོང་ཀྲོའུ་ལའེ་ཧྥུང་རྫོང་དེང་རབས་རྒྱུན་འཁོར་ཞིང་ལས་ཐོན་ལས་གླིང་ནས་སྔར་རྒྱུན་བཞིན་གསོན་ཤུགས་རྒྱས་པའི་ཉམས་བཟང་མངོན།

ལའེ་ཧྥུང་རྫོང་ལ“ཀྲུང་གོའི་ཐེང་ཇའི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། 2024ལོ་ནས་ས་གནས་དེ་གས་ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་ཤོག་སྤྱི་ཕན་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བརྩོན་ལེན་བྱས་ནས། ཐེང་ཇའི་ཐོན་ལས་གླིང་མུའུ་1500ལྷག་ཙམ་རྒྱས་སྐྲུན་བྱས་ཤིང་། ཐེང་ཇའི་ལས་སྣོན་བཟོ་གྲྭ་1དང་། ཞིང་ལས་ཐོན་རྫས་གྲང་ཕྲེང་མཛོད་1 ཕག་ཤ་བསྙལ་མའི་བཟོ་གྲྭ་1སོགས་གསར་སྐྲུན་བྱས་པ་དང་། ཐེང་ཇ་དང་། ཕག་པ་ནག་པོ། སྔོ་ཚལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། ས་ཁྱོན་མུའུ་2200ལྷག་ཙམ་ཟིན་པའི་ལའེ་ཧྥུང་རྫོང་དེང་རབས་རྒྱུན་འཁོར་ཞིང་ལས་ཐོན་ལས་གླིང་ཞིག་རིམ་བཞིན་གྲུབ་ཡོད།

གསར་འགོད་པས་ཐོན་ལས་གླིང་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར། མུའུ་100ལྷག་ཙམ་གྱི་གསོ་ཚགས་ར་བའི་ནང་རིག་ནུས་ཅན་གྱི་དྲོད་ཚོར་འཕྲུལ་ཆས་དང་། གློག་མིག རླུང་འཁོར། ས་དྲོད། རང་འགུལ་གཟན་སྟེར། རང་འགུལ་ལུད་འབུད་སོགས་སྒྲིག་ཆས་གང་མཁོ་ཅི་འཛོམས་ཡོད་པ་རེད།

ཐོན་ལས་གླིང་གིས་ད་དུང་ཅིའུ་སི་གྲོང་རྡལ་ཧོའུ་པ་གྲོང་ཚོ་དང་མཉམ་ལས་བྱས་ཏེ་དྲོད་ཁང་མུའུ་1200ཟིན་པའི་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་བྱས་པར་རྨ་བྱ་ཚལ་དང་། ལབ་ཆུང་། ཤིས་ཀྭ་སོགས་ཀྱི་སྔོ་ཚལ་དང་ཤིང་ཏོག་སྤྱི་རྒྱ་རེར་སིལ་ཚོང་རིན་གོང་སྒོར་20ལྷག་ཙམ་རག་གི་ཡོད། ད་ཆ་ནི་གླང་རྔ་དང་ལ་ཕུག་སོགས་སྔོ་ཚལ་བཀོག་པའི་དུས་ཚིགས་ཡིན་ཞིང་། ཞིང་ཁའི་ནང་པགས་པ་སྲབ་ལ་ནང་འབྲས་མང་བ། མངར་སིལ་ལྡན་ཞིང་སྙིགས་མེད་པའི་ལ་ཕུག་མང་པོ་སྐྱེས་ཡོད་པས་གྲོང་མིས་ཞིང་དུས་ལ་དམ་འཛིན་གྱིས་བསྡུ་བཞིན་ཡོད། “ཐོན་ལས་གླིང་དུ་རྒྱུན་འཁོར་འདེབས་འཛུགས་བྱེད་ཀྱི་ཡོད་པ་དང་། ལོ་གཅིག་དུས་བཞིར་གྲོང་ཁྱེར་ཆེ་འབྲིང་གི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ལ་སྔོ་ཚལ་ཏུན་1000ནས་1500བར་མཁོ་འདོན་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་2000རག་ནས་ཞིང་དུད་1000ལྷག་ཙམ་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད”ཅེས་ལའེ་ཧྥུང་རྫོང་གི“ཀྲུང་རྒྱན”རྣམ་གྲངས་བཀོད་འདོམས་པུའུ་ཡི་འགན་འཁུར་བ་ཏོན་ཀོང་མིང་གིས་བཤད།

ཏོན་ཀོང་མིང་གིས། པེ་ཅིང་དང་ཧྲང་ཧའེ་སོགས་ས་ཁུལ་གྱི་ཞིང་ལས་མཁོ་སྤྲོད་སྦྲེལ་ཐག་ཆེ་གྲས་དང་མཉམ་ལས་བྱས་པ་བརྒྱུད་ཐོན་ལས་གླིང་ནས་ཐོན་པའི་སྐྱེ་ཁམས་ཕག་ཤ་དང་། སེ་རྒྱུ་ཕུན་སུམ་ཚོགས་པའི་སྔོ་ཚལ། སྐྱེ་ལྡན་ཤིང་འབྲས། ཐེང་ཇ་སོགས་ཞིང་ལས་ཐོན་རྫས་གྲང་ཕྲེང་མགྱོགས་འཁོར་ནས་དབོར་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་ཕྱིར་ཚོང་བྱས་པར་2024ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་6000ལྷག་ཙམ་ཟིན་ཡོད། ཞིབ་འཇུག་སློབ་སྦྱོང་དང་། སྒར་རྒྱག་པ། དམངས་སྲོལ་གནས་ཚང་སོགས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་རྣམ་གསར་པའི་གཞི་ཁྱོན་ཡང་རིམ་བཞིན་གྲུབ་བཞིན་ཡོད་ཅེས་བརྗོད།

(གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)