ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 《ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་རིམ་པས་ནར་འགྱངས་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལག་བསྟར་དོན་འཁྱོལ་བྱ་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ནོར་སྲིད་པུའུ་སོགས་སྡེ་ཚན་གསུམ་གྱིས་ཟླ་1ཚེས་1ཉིན《བབ་བསྟུན་རྒན་ཡོལ་ཞུ་བའི་ལམ་ལུགས་ལག་བསྟར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་པ་རེད།
གཏན་འབེབས་གཞིར་བཟུང་། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་རང་རྒྱལ་གྱིས་ལོ་15ཡི་དུས་ཚོད་སྤྱད་དེ་ལས་བཟོ་སྐྱེས་པའི་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་དེ་སྔའི་ལོ་60ནས་ལོ་63བར་རིམ་པས་ནར་འགྱངས་བྱ་རྒྱུ་དང་། ལས་བཟོ་བུད་མེད་ཀྱི་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་དེ་སྔའི་ལོ་50དང་ལོ་55ནས་ལོ་55དང་ལོ་58བར་སོ་སོར་ནར་འགྱངས་བྱ་རྒྱུ་ཡིན་པ་རེད།
《བབ་བསྟུན་རྒན་ཡོལ་ཞུ་བའི་ལམ་ལུགས་ལག་བསྟར་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ནང་། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང། ལས་བཟོ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཟླ་རེའི་གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ཆེས་དམའ་བའི་གྲོན་དངུལ་འཇལ་བའི་ལོ་ཚད་ལ་སླེབས་ཚེ། རང་མོས་ངང་བབ་བསྟུན་གྱིས་སྔ་སྣུར་དུ་རྒན་ཡོལ་ཞུ་ཆོག་པ་དང་། སྔ་སྣུར་གྱི་དུས་ཚོད་དེ་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་ལས་དུས་ཡུན་རིང་ཤོས་ལོ་3ལས་བརྒལ་མི་ཆོག་པ་མ་ཟད། རྒན་ཡོལ་ཞུ་བའི་ལོ་ཚད་དེ་བུད་མེད་ལས་བཟོ་ལོ་50དང་ལོ་55དང་། སྐྱེས་པ་ལས་བཟོ་ལོ་60བཅས་ཀྱི་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་ལས་དམའ་མི་ཆོག ལས་བཟོ་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་ལ་སླེབས་སྐབས། སྡེ་ཚན་དང་ལས་བཟོ་གཉིས་གྲོས་མོལ་བྱས་ནས་གཅིག་མཐུན་བྱུང་ཚེ། རྒན་ཡོལ་ཞུ་བའི་དུས་ཚོད་བབ་བསྟུན་ནར་འགྱངས་བྱེད་ཆོག ནར་འགྱངས་དུས་ཚོད་དེ་ཁྲིམས་གཏན་འཁེལ་བའི་རྒན་ཡོལ་ཞུ་བའི་ལོ་ཚད་དང་བར་ཐག་རིང་ཤོས་ལོ་གསུམ་ལས་བརྒལ་མི་ཆོག