འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ཕྱོགས་ཡོངས་ནས་མངོན་ཆེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས《གྲངས་འཛིན་དཔལ་འབྱོར་དང་དེ་བཞིན་དེའི་ལྟེ་བའི་ཐོན་ལས་ཀྱི་བསྡོམས་རྩིས་རིགས་དབྱེ(2021)》གཞིར་བཟུང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འབྲས་བུ་སྤྱད་དེ། རྒྱལ་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་འཕར་ཐང་ཞིབ་རྩིས་བརྒྱབ་ཡོད། ཞིབ་རྩིས་བརྒྱབ་པ་བརྒྱུད། 2023ལོར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་འཕར་ཐང་སྒོར་དུང་ཕྱུར་127555ཟིན་པ་དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)བསྡུར་ཚད་ཀྱི་9.9%བཟུང་ཡོད་པ་རེད།
གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་ནང་ངོས་གྲུབ་ཆ་ནས་བལྟས་ཚེ། གྲངས་འཛིན་ལག་རྩལ་ཉེར་སྤྱོད་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་55636ཟིན་པ་དེས་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་བསྡུར་ཚད་ཆེ་ཤོས་ཏེ་43.6%བཟུང་བ་དང་། གྲངས་འཛིན་ཐོན་རྫས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་43135ཟིན་པ་དང་བསྡུར་ཚད་33.8%བཟུང་བ། གྲངས་འཛིན་གྱི་གཙོ་རྒྱུའི་འདེད་སྐུལ་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་24747ཟིན་པ་དེས་བསྡུར་ཚད་ཀྱི་19.4%བཟུང་བ། གྲངས་འཛིན་ཐོན་རྫས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་4037ཟིན་པ་དེས་བསྡུར་ཚད་ཀྱི་3.2%བཟུང་ཡོད་པ་རེད། གཞན་ཡང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འབྲས་བུ་གཞིར་བཟུང་། ཞིབ་རྩིས་བརྒྱབ་པ་བརྒྱུད་2023ལོའི་རྒྱལ་ཡོངས་ཀྱི་ཁེ་བེད་བདག་ཐོབ་ཀྱི་འདུས་ཆེའི་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་168713ཟིན་པ་དེས་GDPབསྡུར་ཚད་ཀྱི་13.04%བཟུང་བ་དང་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.44ཡིས་མཐོ་བ་ཡོད། ནང་ངོས་ཀྱི་གྲུབ་ཆ་ནས་བལྟས་ཚེ་སྒྲིག་ཆས་གསར་པའི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ཆེ་ཤོས་དང་འཕར་ཐང་སྒོར་དུང་ཕྱུར་48808ཟིན་པ་དེས་ཁེ་བེད་བདག་ཐོབ་ཀྱི་འདུས་ཆེའི་ཐོན་ལས་འཕར་ཐང་གི་བསྡུར་ཚད་ཀྱི་28.9%བཟུང་བ་དང་། དེ་མིན་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་ཞབས་ཞུའི་ལས་རིཌ་ཀྱི་འཕར་ཐང་སྒོར་དུང་ཕྱུར་39322ཟིན་པ་དེས་བསྡུར་ཚད་ཀྱི་23.3%བཟུང་བ་དང་། ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་32101ཟིན་པ་དེས་བསྡུར་ཚད་ཀྱི་19.0%བཟུང་ཡོད་པ་རེད།